འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་3ཉིན།

༄༅༎2019ལོའི་རྒྱལ་ཡོངས་ཀྱི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་03ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཚེས་1ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཁྲིམས་འཛིན་པུའུ། རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་བཅས་ཀྱིས་གཉེར་བའི་རྒྱལ་ཡོངས་ཀྱི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”བྱེད་སྒོའི་ཚོགས་ར་གཙོ་བོའི་བྱེད་སྒོ་པེ་ཅིང་དང་ཧྲང་ཧའེ་གཉིས་སུ་དུས་གཅིག་ཏུ་སྤེལ་འགོ་ཚུགས་པ་དེ་ཐོག་ནས་འདི་ལོའི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”དངོས་སུ་འགོ་ཚུགས་པ་མཚོན་ཡོད།
     ཁྲིམས་འཛིན་པུའི་པུའུ་ཀྲང་རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་གི་ཀྲུའུ་རེན་པོ་ཀྲེང་ཧྭ་ཡིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་མཛུབ་ཁྲིད་གནས་བབ་ཀྱི་གཞི་རྩའི་ལམ་ལུགས་མཐའ་འཁྱོངས། རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན། རྩ་ཁྲིམས་དྲིལ་བསྒྲགས་ཀྱི་ལམ་ལུགས་ཅན་དང་ཕུགས་ཕན་ཅན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྩ་ཁྲིམས་དྲིལ་བསྒྲགས་དང་ལམ་ལུགས་ཀྱི་གདེང་ཚོད་དྲིལ་བསྒྲགས་ཟུང་འབྲེལ་ནུས་ལྡན་བྱས་ནས་ཀྲུང་གོའི་རྩ་ཁྲིམས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། ཀྲུང་གོའི་ལམ་ལུགས་ཀྱི་གཏམ་རྒྱུད་ཡག་པོ་བཤད་དེ། སྤྱི་ཚོགས་ཧྲིལ་པོའི་ལམ་ལུགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རྩ་ཁྲིམས་ཀྱི་རང་རྟོགས་ཆེ་རུ་གཏོང་བ། ལམ་ལུགས་ཀྱི་གདེང་ཚོད་སྔར་བས་བརྟན་དུ་གཏོང་བ་བཅས་བྱས་ཏེ་རྩ་ཁྲིམས་ཀྱི་སྙིང་སྟོབས་མི་སེམས་སུ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
     ཁྲིམས་འཛིན་པུའི་པུའུ་ཀྲང་གཞོན་པ་རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཀྲའོ་ཧྲང་ཧའེ་རུ་སྤེལ་བའི་ཚོགས་ར་གཙོ་བོའི་བྱེད་སྒོར་ཞུགས་ཤིང་། ཁོང་གིས“སུས་བཅའ་ཁྲིམས་ལག་བསྟར་བྱས་ན་དེས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི”འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྨྱན་སྦྱོར་དང་རིག་གནས་ཀྱི་གཡུལ་སའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མང་ཚོགས་ཀྱིས་རིམ་བཞིན་རྩ་ཁྲིམས་ཀྱི་སློབ་གསོ་དང་ལེན་ཐུབ་པར་བྱས་ཏེ་རྩ་ཁྲིམས་དྲིལ་བསྒྲགས་ཀྱི་སྤྱི་ཚོགས་ཀྱི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་དགོས་ཞེས་བཤད་པ་རེད།
     འདི་ལོའི་ཟླ་12ཚེས་4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་དྲུག་པ་རེད། ཟླ་12ཚེས་1ནས་ཚེས་7ཉིན་བར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཁྲིམས་འཛིན་པུའུ། རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་བཅས་ཀྱིས་རྒྱལ་ཡོངས་སུ“རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་སྤེལ་རྒྱུ་བཀོད་སྒྲིག་བྱས་པ་དེའང་རང་རྒྱལ་གྱིས“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་སྤེལ་ཐེངས་གཉིས་པ་དེ་ཡིན་པ་རེད།