འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་3ཉིན།

༄༅།།བོད་ལྗོངས་སྐྱིད་གྲོང་འགག་སྒོའི་དུས་གཏན་འགྲུལ་སྐྱེལ་ལམ་ཐིག་ཤར་གཏོང་ཐུབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་03ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
བོད་ལྗོངས་སྐྱིད་གྲོང་རྫོང་གིས་ཤར་གཏོང་བྱས་པའི་གྲོང་ཚོའི་འགྲུལ་སྐྱེལ་རླངས་འཁོར།
བོད་ལྗོངས་སྐྱིད་གྲོང་རྫོང་གིས་ཤར་གཏོང་བྱས་པའི་གྲོང་ཚོའི་འགྲུལ་སྐྱེལ་རླངས་འཁོར།
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་11ཚེས་30ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་སྐྱིད་གྲོང་འགག་སྒོ་དོ་དམ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གིས་དུས་གཏན་འགྲུལ་སྐྱེལ་ལམ་ཐིག་དྲུག་ཤར་གཏོང་བྱས་པས། སྐྱིད་གྲོང་འགག་སྒོར་ཚད་ལྡན་གྱི་དུས་གཏན་འགྲུལ་སྐྱེལ་ལམ་ཐིག་ཡོད་པ་མ་ཟད། སྐྱིད་གྲོང་རྫོང་དུ་དུས་གཏན་འགྲུལ་སྐྱེལ་རླངས་འཁོར་མེད་པའི་སྟོང་ཆ་ཡང་བསྐངས་བ་རེད།
     སྐྱིད་གྲོང་འགག་སྒོ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་རི་ཟུར་གྲོང་ཚོར་གནས་པ་དང་། དེ་ནི་གནའ་སྔ་མོ་ནས་བཟུང་། ཀྲུང་གོ་དང་ནེ་པ་ལ་དང་། དེ་བཞིན་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་དབར་འགྲོ་འོང་དང་ཚོང་འགྲུལ་གྱི་ལམ་གལ་ཆེན་ཞིག་ཡིན་པ་དང་། ད་ཆ་རྒྱལ་ཁབ་ཀྱི་རིགས་དང་པོའི་སྐམ་སའི་ཚོང་འགྲུལ་འགག་སྒོའི་ཁོངས་སུ་གཏོགས་ཀྱི་ཡོད། 2017ལོའི་ཟླ་8ཚེས་30ཉིན་ཕྱོགས་གསུམ་པའི་རྒྱལ་ཁབ་ལ་དངོས་སུ་སྒོ་ཕྱེ་བ་རེད།
     སྐྱིད་གྲོང་འགག་སྒོ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཀྲེང་ཤིང་པང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིར་ལམ་ཐིག་6ཤར་གཏོང་བྱས་པ་དང་། དེ་དག་སྐྱིད་གྲོང་རྫོང་གི་ཤང་དང་གྲོང་རྡལ་6དང་། སྒྲིག་གཞི་ཚང་བའི་གྲོང་ཚོ་28 རང་བྱུང་གྲོང་ཚོ་8བཅས་ལ་ཁྱབ་པས། ཤང་དང་གྲོང་རྡལ་དུ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་། སྒྲིག་གཞི་ཚང་བའི་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་68%ཟིན་ཡོད། སྐྱིད་གྲོང་འགག་སྒོའི་རླངས་འཁོར་སྐྱེལ་འདྲེན་ཚད་ཡོད་ཀུང་སིས་རླངས་འཁོར་གྱི་བཟོ་དབྱིབས་གཅིག་གྱུར་དང་སྤ་སེའི་རིན་གོང་གཅིག་གྱུར་སོགས་ཀྱི་གཉེར་སྐྱོང་དོ་དམ་བྱེད་སྟངས་ལག་ལེན་བསྟར་ནས་ལམ་རྒྱུད་ཀྱི་ཞིང་འབྲོག་མང་ཚོགས་ཁྲི་1.12ལ་ཕན་པ་ཐོབ་ཡོད།
    སྐྱིད་གྲོང་འགག་སྒོའི་སྒོ་མོ་དབྱེ་རྒྱ་ཆེ་རུ་བཏང་བ་དང་བསྟུན་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་ཡང་མང་དུ་ཕྱིན་ཡོད། སྐྱིད་གྲོང་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་གྲངས་གཞི་ལས་མངོན་དོན། འདི་ལོ་ནས་བཟུང་སྐྱིད་གྲོང་འགག་སྒོ་ནས་འཛུལ་གྲོལ་བྱེད་མཁན་མི་ཐེངས་ཁྲི་14.9ཟིན་པ་དང་། དེའི་ནང་ཡུལ་སྐོར་བ་མི་ཐེངས་ཁྲི་5.5ཟིན་པ་དང་མཐའ་མཚམས་མི་སེར་མི་ཐེངས་ཁྲི་9.4ཟིན་ཡོད་པ་རེད།