འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་3ཉིན།

༄༅།།རྒྱང་ཚོར་ལག་རྩལ་གྱིས། བོད་ཀྱི་གཙང་པོ་དང་མཚོའི“གང་བྱུང་བཞིའི”གནད་དོན་ལ་ལྟ་སྐུལ་དོ་
དམ་བྱེད་རྒྱུར་རམ་འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་03ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་11ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོར་བོད་ལྗོངས་ཀྱིས་རྒྱང་ཚོར་ལག་རྩལ་སྤྱད་དེ་ལྗོངས་ཡོངས་ཀྱི་གཙང་པོ་དང་མཚོ་20ཡི་ཆུ་དུམ་བུ་གཙོ་བོའི“གང་བྱུང་བཞིའི”སྣང་ཚུལ་ལ་རྒྱང་ཚོར་ལྟ་དཔྱད་ལས་དོན་ལེགས་གྲུབ་བྱུང་བ་དང་འབྲེལ“གཙང་པོ་གཅིག་དང་། ས་ཁྲ་གཅིག རེའུ་མིག་གཅིག”བཅས་ཀྱི་ཆེད་དོན་རྒྱང་ཚོར་ལྟ་དཔྱད་འབྲས་བུའི་སྙན་ཞུ་རིམ་གྱིས་གྲུབ་ཡོད།
    ཉེ་བའི་ལོ་ཤས་རིང་། བོད་ལྗོངས་སུ་གང་བྱུང་དུ་བདག་བཟུང་དང་། གད་སྙིགས་གང་བྱུང་དུ་སྤུངས་པ། གང་བྱུང་དུ་ས་རྡོ་སྔོག་པ། གང་བྱུང་དུ་སྐྲུན་པ་སོགས་ཀྱི་གཙང་པོ་དང་མཚོའི“གང་བྱུང་བཞིའི”གནད་དོན་ཡང་སེ་ཐོན་ཏེ་བོད་ལྗོངས་ཀྱི་གཙང་པོ་དང་མཚོའི་སྣོད་བཅུད་བདེ་འཇགས་ལ་སྦགས་བཙོག་ཆེན་པོ་བཟོ་ཡི་ཡོད། གཙང་པོ་དང་མཚོའི་རྒྱང་ཚོར་ལྟ་དཔྱད་འབྲས་བུར་གཞིགས་ན། ལྗོངས་ཡོངས་ཀྱི་གཙང་པོ་དང་མཚོར“གང་བྱུང་བཞིའི”གནད་དོན་ཁྱོན་2496ལྷག་པ་དང་། དེའི་ནང་ཉིང་ཁྲིར་གནད་དོན་693དང་། ཆབ་མདོར་གནད་དོན་575 མངའ་རིས་ལ་གནད་དོན་312 ལྷོ་ཁར་གནད་དོན་276 གཞིས་རྩེར་གནད་དོན་220 ནག་ཆུར་གནད་དོན་216 ལྷ་སར་གནད་དོན་204ཡོད་ལ། གྲོང་ཁྱེར(ས་ཁུལ)ཁག་གིས་འབྲེལ་ཡོད་གནད་དོན་གཞིར་བཟུང་བསྐྱར་ཞིབ་གཏན་འཁེལ་དང་དག་ཐེར་དོན་འཁྱོལ་གྱི་ལས་དོན་སྤེལ་བ་རེད།
    བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན། འོན་ཀྱང་རྒྱ་ཁྱོན་ཆེ་བ་དང་། ས་བབ་མཐོ་བ། ལྟ་སྐུལ་དོ་དམ་དཀའ་བ་སོགས་ཀྱི་གནད་དོན་ལྡན་སྟབས་གཙང་པོ་དང་མཚོར་དོ་དམ་སྲུང་སྐྱོང་དང“གང་བྱུང་བཞིའི”གནད་དོན་ཐག་གཅོད་བྱེད་པར་དཀའ་ངལ་ཆེ་ཙམ་ཡོད། རྒྱང་ཚོར་ལག་རྩལ་སྤྱད་ན་གཙང་པོ་དང་མཚོར་ལྟ་དཔྱད་མྱུར་པོ་ཐུབ་པས། གཙང་པོ་དང་མཚོའི་ཉིན་རེའི་ལྟ་སྐུལ་དོ་དམ་ལ་འདེགས་སྐྱོར་ནུས་ལྡན་ཐུབ་སྟེ་ས་བབ་མཐོ་བ་དང་དེ་བཞིན་མི་མེད་ཁུལ་དུ་མིས་སྐོར་ཞིབ་བྱེད་པའི་ངལ་བ་ཆུང་དུ་གཏོང་ཐུབ་ཀྱི་ཡོད། དུས་ཐེངས་མང་པོའི་བརྙན་ཕབ་གྲངས་གཞིར་བསྡུར་བ་དང་བརྡར་ཤ་གསལ་པོ་བཅད་པ་བརྒྱུད། ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་གཙང་པོ་དང་མཚོར“གང་བྱུང་བཞིའི”སྒྲིག་འགལ་བྱེད་སྤྱོད་ཐོན་ཚུལ་དུས་ཐོག་ཏུ་ཤེས་ཀྱི་ཡོད།
     བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་འབྲེལ་ཡོད་འགན་འཁུར་བས་བོད་ལྗོངས་ཀྱི་གཙང་པོ་དང་མཚོའི“གང་བྱུང་བཞིའི”གནད་དོན་ཐག་གཅོད་ཀྱི་ཆེད་དོན་བྱ་སྤྱོད་ཡོངས་སུ་སྤེལ་བ་དང་། རྒྱང་ཚོར་ལག་རྩལ་གྱིས་རྒྱ་ཁྱོན་ཆེ་བའི་གཙང་པོ་དང་མཚོའི“གང་བྱུང་བཞིའི”སྣང་ཚུལ་ལ་སྤྱི་འདོམས་ལྟ་དཔྱད་ཐུབ་པ་མ་ཟད། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ས་ཆ་དངོས་སུ་བསྐྱོད་དེ་ཞིབ་དཔྱད་ལས་དོན་སྤེལ་ཐུབ་པས། མི་རྒྱུ་དངོས་གསུམ་གྱི་གཏོང་ཆ་གྲོན་ཆུང་ཆེན་པོ་ཐུབ་པ་མ་ཟད། ལས་ཕྱོད་ཀྱང་མཐོ་རུ་ཕྱིན་ཡོད་ཅེས་བཤད་པ་རེད།