འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་3ཉིན།

༄༅།།མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས། མཚོ་སྔོན་པོའི“ཙོང་ཉ”སྤྱི་རྒྱ་100ལྷག་ཙམ་ཁྲིམས་འགལ་ངང་སྐྱེལ་
འདྲེན་བྱེད་པའི་གྱོད་གཞི་ཞིག་རྩད་ཆོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་03ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། མཚོ་སྔོན་པོ་རང་བྱུང་སྲུང་སྐྱོང་ཁུལ་ཆུ་ཐོག་སྤྱི་བདེ་ཅུས་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ཅུས་དེས་ཉེ་ཆར་མཚོ་སྔོན་པོའི་ཙོང་ཉ་ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པའི་དོགས་ཡོད་རླངས་འཁོར་ཞིག་རྩད་ཆོད་པ་དང་། དེའི་ནང་ཙོང་ཉ་སྤྱི་རྒྱ་100ལྷག་ཙམ་བླུགས་ཡོད་པ་རེད།
     ཉིན་ཤས་གོང་། མཚོ་སྔོན་པོ་རང་བྱུང་སྲུང་སྐྱོང་ཁུལ་ཆུ་ཐོག་སྤྱི་བདེ་ཅུས་ཀྱིས་ཁུངས་སྣེ་བརྒྱུད་ཟླ་11ཚེས་26ཉིན་མི་ཞིག་གིས་མཚོ་སྔོན་པོའི་ཙོང་ཉ་ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་བཞིན་པ་གཏན་འཁེལ་བྱས་རྗེས། དོགས་ཅན་དེ་མྱུར་བགྲོད་གཞུང་ལམ་བརྒྱུད་ནས་འགྲོ་རྒྱུར་བཀག་འགོག་བྱ་ཆེད། ཅུས་དེས་ཉེས་དོན་མྱུལ་ཞིབ་ཁོའོ་ཡི་མི་དམངས་ཉེན་རྟོག་པས་འཕྲལ་དུ་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་མྱུར་བགྲོད་གཞུང་ལམ་ཉིང་ལག་རུ་ཁག་གི་རུ་ཆེན་གསུམ་པར་རོགས་རམ་བྱ་རྒྱུའི་རེ་ཞུ་བྱས་པ་དང་། དོགས་ཅན་ཐན་ཆེ་གེ་མོས་རླངས་འཁོར་བཏང་སྟེ་ཟི་ལིང་ནས་སྟོང་སྐོར་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་མདོ་པ་ལམ་ཐིག་གཙོ་བོའི་ལམ་ཁྲལ་བསྡུ་སར་སླེབས་སྐབས་སྔ་ས་ནས་སྒང་སོ་བཙུགས་པའི་འགྲིམ་འགྲུལ་ཉེན་རྟོག་པས་བཀག་པ་རེད།
    ཐན་ཆེ་གེ་མོས། ཚེས་26ཉིན་གྱི་སྔ་དྲོར། ཁོ་དང་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་གི་ཁྲིམས་འགལ་ཉ་བ་ཞིག་གིས་ཁ་པར་བརྒྱུད་དེ། སྟོང་སྐོར་རྫོང་དང་སྤྱི་ལེ་10ཡོད་པའི་མཚམས་ཀྱི་རི་ལྡེབས་ཤིག་ཏུ་ཙོང་ཉ་ཉོ་འཚོང་བྱ་རྒྱུའི་ཁ་ཆད་བྱས་པ་དང་། ཐན་ཆེ་གེ་མོས་ཉ་བ་དེའི་ལག་ནས་ཙོང་ཉ་སྤྱི་རྒྱ་101.75སྡེབ་ཉོ་བྱས་ནས་ཟི་ལིང་དུ་འཚོང་རྩིས་བྱེད་ཀྱི་ཡོད་ཅེས་ངོས་ལེན་ཞུས་པ་དང་། མིག་སྔར། མཚོ་སྔོན་པོ་རང་བྱུང་སྲུང་སྐྱོང་ཁུལ་ཆུ་ཐོག་སྤྱི་བདེ་ཅུས་ཀྱིས་གྱོད་གཞི་དེར་གོམ་གང་མདུན་སྤོས་ཀྱིས་རྩད་གཅོད་བྱེད་ཀྱི་ཡོད་པ་རེད།
    “ཙོང་ཉ་འཛིན་པ་དང་། འཚོང་བ། ཟ་བ་བཅས་ཚང་མ་ཁྲིམས་འགལ་གྱི་བྱེད་སྤྱོད་ཡིན། གལ་སྲིད་ཙོང་ཉ་སྤྱི་རྒྱ་50ཡན་བཟུང་ཚེ་ཉེས་དོན་གྱོད་གཞིའི་ཁོངས་སུ་འཇུག་གི་ཡོད། མི་རིང་བའི་གོང་། ཧུའུ་པེའི་དབྱང་ཆེ་གེ་མོས་ཁྲིམས་འགལ་ངང་ཙོང་ཉ་བཟུང་ནས་འབྲེལ་ཡོད་བརྙན་ལམ་དྲ་ཐོག་ཏུ་བཀྲམ་པར་ཆད་པ་བཅད་པ་རེད” འདི་ལོའི་ཚུན་དུ། ཅུས་དེས་ཁྱོན་གྱོད་གཞི་འདིའི་རིགས་20ལྷག་ཙམ་ཐག་གཅོད་བྱས་པ་དེ་མི་21དང་འབྲེལ་ཞིང་གྱོད་འབྲེལ་ཙོང་ཉ་སྤྱི་རྒྱ་5000ལྷག་ཟིན་ཡོད་ཅེས་མཚོ་སྔོན་པོ་རང་བྱུང་སྲུང་སྐྱོང་ཁུལ་ཆུ་ཐོག་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཁོའོ་ཡི་ཁོའོ་ཀྲང་ཁྲེན་པའོ་ཅན་གྱིས་གསར་འགོད་པར་བརྗོད།
     རིགས་གཅིག་མཁས་ཅན་གྱིས“ཙོང་ཉ”ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་དང་མཚོ་སྔོན་པོའི་དམིགས་བསལ་དངོས་རིགས་རྩ་ཆེན་ཡིན། ཙོང་ཉའི་ཐོན་ཁུངས་ཉུང་དུ་ཕྱིན་ཚེ་མཚོ་སྔོན་པོའི“ཆུ་དང་། ཉ་དང་། བྱ་དང་། སྤང”བཅས་ཀྱི་སྣོད་བཅུད་མ་ལག་ལ་ཐད་ཀར་གཏོར་བརླག་ཐེབས་ཀྱི་ཡོད་པས། 1979ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་ཐོན་དངོས་རིགས་ཐོན་ཁུངས་སྐྱེས་སྤེལ་སྲུང་སྐྱོང་སྲོལ་ཡིག》བཏོན་པའི་ནང་ཙོང་ཉ་སྲུང་སྐྱོང་བྱ་ཁོངས་སུ་བཅུག་ཡོད་པ་རེད།
     ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་ཞུ་དོན། ཚན་པ་དང་མི་སྒེར་གང་རུང་གིས་ཙོང་ཉ་འཛིན་པ་དང་། འཚོང་བ། ཟ་བ་བཅས་གཏན་ནས་བྱེད་མི་ཆོག གལ་སྲིད་གཏན་འབེབས་ལས་འགལ་ཚེ་སྤྱི་བདེ་དང་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་རླངས་འཁོར(གྲུ)ཁྲིམས་ལྟར་བཀག་ཉར་བྱ་རྒྱུ་མ་ཟད། ཉ་འཛིན་ཆས་གཞུང་བཞེས་དང་གཉེར་སྐྱོང་ལག་ཁྱེར་ཕྱིར་འཐེན་བྱ་རྒྱུ་ཡིན་ལ། ཁྲིམས་འགལ་བྱེད་སྤྱོད་ལས་ཐོབ་པའི་ཡོང་འབབ་ལ་གཞིགས་ནས་ཆད་པ་གཅོད་རྒྱུ་ཡིན། གནས་ཚུལ་ཚབས་ཆེན་རིགས་དང་ཡང་ན་ཉེས་གསོག་གི་ཚད་དུ་སླེབས་རིཌ་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན།