འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་3ཉིན།

༄༅།།ཧུའུ་ཁྲུན་ཧྭ་ཡིས་ཕག་ཤ་གཙོ་གནད་དུ་བྱས་པའི“ཤ་ཚལ་སྒོང་གསུམ”གྱི་ཐོན་ཟོག་གི་མཁོ་སྤྲོད་
འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་
དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་03ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཀྲེང་ཀྲོའུ་ནས་ཟླ་12ཚེས་1ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་འབྲིང་གི“ཤ་ཚལ་སྒོང་གསུམ”གྱི་ཐོན་ཟོག་མཁོ་སྤྲོད་འགན་ལེན་གྱི་བཞུགས་མོལ་ཚོགས་འདུ་ཉེ་ཆར་ཧོ་ནན་ཞིང་ཆེན་ཀྲུའུ་མ་ཏེན་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང“ཤ་ཚལ་སྒོང་གསུམ”གྱི་ཧྲི་ཀྲང་གི་འགན་ཁུར་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཐོག་ཕག་ཤ་སོགས་ཞིང་ལས་ཐོན་ཟོག་ཐོན་སྐྱེད་ཀྱི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཁག་ཏན་ཏིག་བསྒྲུབས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི“ཤ་ཚལ་སྒོང་གསུམ”གྱི་ཐོན་ཟོག་གི་དགོས་མཁོ་འགན་ལེན་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཧུའུ་ཁྲུན་ཧྭ་ཡིས“ཤ་ཚལ་སྒོང་གསུམ”གྱི་འདུ་འགོད་ནི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་སྤྱི་ཡོངས་དང་འབྲེལ་བ་ཡོད་ཅིང་། གྲོང་ཁྱེར་ཆེ་འབྲིང་གིས་ངེས་པར་དུ་ལས་དོན་སྤེལ་ཤུགས་དང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས“ཤ་ཚལ་སྒོང་གསུམ”གྱི་ཐོན་ཟོག་འདང་ངེས་དང་དོ་སྙོམས་ངང་མཁོ་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། “ཤ་ཚལ་སྒོང་གསུམ”གྱི་ཐོན་ཟོག་རང་ཁ་རང་གསོ་བྱེད་ནུས་ཆེ་རུ་བཏང་སྟེ་ཐོན་སྐྱེད་བྱ་ཡུལ་ས་ཆ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང“ཤ་ཚལ་སྒོང་གསུམ”གྱི་རྟེན་གཞི་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས། བརྟན་ལ་བློས་འགེལ་ཆོག་པའི་ཐོན་ཚོང་མཉམ་ལས་འབྲེལ་བ་བཙུགས་ཏེ་ཁེ་ལས་ཀྱིས་ཐོན་སྐྱེད་ཁུལ་དུ་ཐོན་སྐྱེད་རྟེན་གཞི་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པ་དང་གྲང་འདྲེན་ཟོག་འགྲེམས་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས་པ། “ཤ་ཚལ་སྒོང་གསུམ”གྱི་ཐོན་ཟོག་གི་ཁྲོམ་རའི་སྙོམས་སྒྲིག་སྟངས་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ས་གནས་ཀྱི་གྲབས་གསོག་ལས་འགན་དོན་འཁྱོལ་བྱེད་པ་དང་ཁྲོམ་རའི་སྙོམས་སྒྲིག་ཚོད་འཛིན་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ཐོག་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཡག་པོ་བཅས་བྱེད་དགོས་ཞེས་བསྟན་གནང་བ་རེད།
     ཧུའུ་ཁྲུན་ཧྭ་ཡིས“ཤ་ཚལ་སྒོང་གསུམ”གྱི་ལས་དོན་ལ་དམ་འཛིན་བྱ་རྒྱུ་ནི་དང་ཐོག་གྲོང་ཁྱེར་སྲིད་གཞུང་གི་འགན་འཁྲི་ཡིན་པ་དང་ཧྲི་ཀྲང་ནི་འགན་ཁུར་བ་དང་པོ་དེ་ཡིན་པས“ཤ་ཚལ་སྒོང་གསུམ”གྱི་ཐོན་ཟོག་རང་ཁ་རང་གསོའི་ཐོན་སྐྱེད་དང་། ཐོན་ཚོང་སྦྲེལ་མཐུད། ཁྲོམ་རའི་སྙོམས་སྒྲིག་ཚོད་འཛིན། སྤུས་ཚད་བདེ་འཇགས་སོགས་ཀྱི་ལས་འགན་ཁག་ལེགས་སྒྲུབ་ཡག་པོ་བྱེད་དགོས་པ་དང་། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་ཞིང་ཆེན་གྱིས་འགན་འཁྲི་གཙོ་བོ་འཁུར་ནས་ལྕག་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཞིང་ཆེན་གྱི་ས་ཁོངས་ནང་དང་ཞིང་ཆེན་དབར་གྱི“ཤ་ཚལ་སྒོང་གསུམ”གྱི་ཐོན་ཟོག་མཁོ་སྤྲོད་འགན་ལེན་བྱ་རྒྱུར་སྤྱི་འདོམས་བྱེད་དགོས་པ། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱིས་དཔྱད་ཞིབ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས“ཤ་ཚལ་སྒོང་གསུམ”གྱི་ཧྲི་ཀྲང་གི་འགན་ཁུར་ལམ་ལུགས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།