མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དགུ་པའི་ཐོག རང་རྒྱལ་གྱི་
འཕྲལ་སྡོམ་དོ་དམ་མ་ལག་གི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རང་རྒྱལ་གྱི་འཕྲལ་སྡོམ་
དོ་དམ་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་02ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ● འཕྲལ་སྡོམ་དོ་དམ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་གྲུབ་ཆའི་ཆ་གལ་ཆེན་ཞིག་རེད། དེས་བདེ་འཇགས་ཀྱི་ཉེན་ཁ་ཆེ་རིགས་འགོག་སེལ་དང་། གནོད་འཚེ་དང་ལས་འཛོལ་སྣ་ཚོགས་ལ་དུས་ཐོག་ཏུ་ཁ་གཏད་གཅོག་པ་དང་ཐག་གཅོད་བྱེད་པའི་འགན་འཁྲི་གལ་ཆེན་འཁུར་བ་དང་། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་ཁུར་ཡོད། དེས་ན། རང་རྒྱལ་གྱི་འཕྲལ་སྡོམ་དོ་དམ་མ་ལག་གི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱི་རྒྱལ་གྱི་འཕྲལ་སྡོམ་དོ་དམ་གྱི་དགེ་མཚན་ལྡན་པའི་བྱེད་ཐབས་དཔྱད་གཞིར་བཟུང་ནས་རང་རྒྱལ་གྱི་འཕྲལ་སྡོམ་དོ་དམ་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་29ཉིན་གྱི་ཕྱི་དྲོ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རང་རྒྱལ་གྱི་འཕྲལ་སྡོམ་དོ་དམ་མ་ལག་བསྐྲུན་པ་དང་ནུས་པ་ཆེ་རུ་གཏོང་བའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དགུ་པ་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། འཕྲལ་སྡོམ་དོ་དམ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་གྲུབ་ཆའི་ཆ་གལ་ཆེན་ཞིག་རེད། དེས་བདེ་འཇགས་ཀྱི་ཉེན་ཁ་ཆེ་རིགས་འགོག་སེལ་དང་། གནོད་འཚེ་དང་ལས་འཛོལ་སྣ་ཚོགས་ལ་དུས་ཐོག་ཏུ་ཁ་གཏད་གཅོག་པ་དང་ཐག་གཅོད་བྱེད་པའི་འགན་འཁྲི་གལ་ཆེན་འཁུར་བ་དང་། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་ཁུར་ཡོད། དེས་ན། རང་རྒྱལ་གྱི་འཕྲལ་སྡོམ་དོ་དམ་མ་ལག་གི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱི་རྒྱལ་གྱི་འཕྲལ་སྡོམ་དོ་དམ་གྱི་དགེ་མཚན་ལྡན་པའི་བྱེད་ཐབས་དཔྱད་གཞིར་བཟུང་ནས་རང་རྒྱལ་གྱི་འཕྲལ་སྡོམ་དོ་དམ་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད། ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཞུའེ་ལན་གྱིས་གནད་དོན་དེའི་ཐད་གསལ་འགྲེལ་བྱས་པ་དང་ཆབས་ཅིག་བསམ་འཆར་དང་གྲོས་འགོ་གླེང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རྣམ་པས་གསལ་འགྲེལ་གཟབ་ནན་གསན་པ་དང་སྦྲགས་གྲོས་བསྡུར་ཡང་གནང་བ་རེད། 
     ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཏང་དང་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་འཕྲལ་སྡོམ་དོ་དམ་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་བྱས་པས་རང་རྒྱལ་གྱི་འཕྲལ་སྡོམ་དོ་དམ་མ་ལག་རྒྱུན་ཆད་མེད་པར་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་ཕྱིན་པ་དང་། རང་བྱུང་གནོད་འཚེ་དང་ཐོན་སྐྱེད་ལས་འཛོལ་ལ་ཁ་གཏད་གཅོག་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་མང་པོ་ཞིག་ལ་གྲུབ་འབྲས་ཐོན་པའི་ངང་ཁ་གཏད་བཅག་པ་དང་། བདེ་འཇགས་ཀྱི་ཉེན་ཁ་ཆེ་རིགས་ཐེངས་མང་བསལ་བ། ཉེན་སེལ་གེགས་སེལ་དང་འཕྲལ་སྡོམ་དོ་དམ་གྱི་བྱས་རྗེས་ངོ་མཚར་ཅན་ཐེངས་མང་བཏོད་པ་བཅས་བརྒྱུད། ལག་ལེན་ནང་རང་རྒྱལ་གྱི་འཕྲལ་སྡོམ་དོ་དམ་སྒྲིག་སྲོལ་ལམ་སྲོལ་གྱིས་རང་གི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་གང་ལེགས་ཐུབ་ཡོད་ཅེས་གསུངས་པ་རེད། 
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རྒྱལ་ནི་འཛམ་གླིང་ཐོག་རང་བྱུང་གནོད་འཚེ་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། གནོད་འཚེའི་རིགས་མང་བ་དང་། ཁྱབ་ཚུལ་ས་ཁོངས་རྒྱ་ཆེ་བ། ཐོན་ཚད་མཐོ་བ། གྱོང་གུན་ཕོག་ཚབས་ཆེ་བ་བཅས་ཡོད། དེ་ནི་གཞི་རྩའི་རྒྱལ་བབ་རེད། དེ་དང་ཆབས་ཅིག་རང་རྒྱལ་ལ་ལས་འཛོལ་སྣ་ཚོགས་ཀྱི་མངོན་མེད་རྐྱེན་ངན་དང་བདེ་འཇགས་ཀྱི་ཉེན་ཁ་ཉིས་བརྩེགས་དང་། ཐོན་སླ་བ་དང་ཐོན་མང་དུ་འགྲོ་བ་དེས་སྤྱི་པའི་བདེ་འཇགས་ལ་ཤུགས་རྐྱེན་བཟོ་བའི་རྒྱུ་རྐྱེན་ཉིན་རེ་བཞིན་མང་དུ་འགྲོ་གི་ཡོད་པས། འཕྲལ་སྡོམ་དོ་དམ་མ་ལག་བསྐྲུན་པ་དང་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཡིན་ལ། ཡུན་རིང་གི་ལས་འགན་ཞིག་ཀྱང་རེད། 
     ཞི་ཅིན་ཕིང་གིས་གསུངས་དོན། ཉེན་ཁ་འགོག་ཟོན་དང་སེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར། འབྱུང་རྩ་ནས་བདེ་འཇགས་ཀྱི་ཉེན་ཁ་ཆེ་རིགས་ལ་འགོག་ཟོན་དང་བསལ་ནས་གནད་དོན་ཐོན་མ་ཐག་ཐག་གཅོད་དང་གནོད་འཚེ་མ་ཐོན་གོང་ནས་སེལ་ཐབས་བྱེད་དགོས། ཉེན་ཁར་དཔྱད་དཔོག་དང་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཉེན་ཆེའི་རྫས་འགྱུར་དངོས་རྫས་དང་། གཏེར་རི། འགྲོ་ལམ་འགྲིམ་འགྲུལ། མེ་ཟོན་སོགས་ཀྱི་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཀྱི་ཉེན་ཁར་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ཐོག་གནོད་འཚེ་སྣ་ཚོགས་དང་གནོད་འཚེའི་འཁོར་འབྲེལ་ལ་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དང་། ཉེན་ཁ་སྔ་ཙམ་ནས་གསལ་འབྱེད་དང་སྔོན་བརྡ་དང་ཉེན་ཟོན་སྔོན་བརྡ་གཏོང་བའི་ནུས་པ་ཆེ་རུ་གཏོང་དགོས། འཕྲལ་སྡོམ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕྲལ་སྡོམ་སྔོན་ཇུས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལྷུ་ཚིགས་ཁག་གི་འགན་འཁྲི་དང་བྱ་ཐབས་དོན་འཁྱོལ་བྱེད་པ་བཅས་བྱེད་དགོས། གནད་སྨིན་བཅོས་སྐྱོང་བྱས་ནས་ཉེན་ཟོན་སྔོན་བརྡ་ཡོངས་བསྒྲགས་གནད་སྨིན་དང་། ཉེན་སེལ་རོགས་སྐྱོབ་གནད་སྨིན། བསྐྱར་འཛུགས་སླར་གསོ་གནད་སྨིན། ལྟ་འདོམས་ཁྲིམས་འཛིན་གནད་སྨིན་བཅས་ཐུབ་པ་བྱེད་དགོས། ཁྲིམས་བཞིན་དོ་དམ་མཐའ་འཁྱོངས་བྱས་ནས་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་འཕྲལ་སྡོམ་དོ་དམ་གྱི་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། འཕྲལ་སྡོམ་དོ་དམ་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གོ་རིམ་ལྡན་པའི་ངང་གསེད་བཀྲོལ་དང་བཟོ་བཅོས་རྒྱག་པ། འཕྲལ་སྡོམ་དོ་དམ་དང་། རང་བྱུང་གནོད་འཚེ་འགོག་བཅོས། འཕྲལ་སྡོམ་རོགས་སྐྱོབ་རྩ་འཛུགས། རྒྱལ་ཁབ་ཀྱི་མེ་ཟོན་རོགས་སྐྱོབ་མི་སྣ། ཉེན་ཆེའི་རྫས་འགྱུར་དངོས་པོའི་བདེ་འཇགས་སོགས་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དུས་ཚོད་དམ་འཛིན་གྱིས་ཞིབ་འཇུག་དང་བཟོ་བ་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་འདོམས་ཁྲིམས་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། 
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆེད་ལས་དང་རྒྱུན་གཏན་ལས་སྒོ་གཉིས་འཇོན་དང་། ཚོར་སྣང་སྐྱེན་པ། སྤྱོད་ཚུལ་ཉམས་སད་ཐེག་པ། འཇོན་ཐང་ཆེ་བ་བཅས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས། བྱ་ཐབས་སྣ་ཚོགས་སྤྱད་དེ་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་རོགས་སྐྱོབ་སྟོབས་ཤུགས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་གནས་ཀྱི་ཆེད་ལས་དཔུང་ཁག་དང་དང་བླངས་པའི་དཔུང་ཁག་ཟུང་འབྲེལ་དང་། མཉམ་དུ་སྦྱོང་བརྡར་དང་རོགས་སྐྱོབ་མཉམ་ལས་ཀྱི་ལམ་སྲོལ་འཛུགས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཕྱོགས་ཁག་གི་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། 
     ཞི་ཅིན་ཕིང་གིས་གསུངས་དོན། འཕྲལ་སྡོམ་དོ་དམ་གྱི་སྒྲིག་ཆས་ལག་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་གྱི་ཐོན་ཁུངས་སྣ་ཚོགས་ལེགས་གཏོང་དང་བསྡུ་སྒྲིལ་བྱེད་པ་དང་། འཕྲལ་སྡོམ་དོ་དམ་གྱི་ཚན་རྩལ་རང་བརྟེན་གསར་གཏོད་ལ་སྐུལ་འདེད་བཏང་སྟེ་ཚན་རྩལ་ལ་བརྟེན་ནས་འཕྲལ་སྡོམ་དོ་དམ་གྱི་ཚན་རིག་ཅན་དང་། ཆེད་ལས་ཅན། རིག་ནུས་ཅན། ཞིབ་ཚགས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། སྔོན་ཐོན་དང་སྤྱོད་གོ་ཆོད་པའི་སྒྲིག་ཆས་སྒྲིག་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགག་རྩའི་ལག་རྩལ་ཞིབ་སྤེལ་ལ་ཤུགས་སྣོན་བརྒྱབ་ནས་ཐོལ་བྱུང་དོན་རྐྱེན་འཕྲལ་བསྟུན་དང་ཐག་གཅོད་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ཚན་རྩལ་ཆ་འཕྲིན་ཅན་གྱི་འཕེལ་ཕྱོགས་ཆེ་མོ་དང་བསྟུན་ནས་ཆ་འཕྲིན་ཅན་གྱིས་འཕྲལ་སྡོམ་དོ་དམ་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡའི་ནུས་པ་དང་། ལྟ་འདོམས་དང་ཁྲིམས་འཛིན་གྱི་ནུས་པ། རམ་འདེགས་བཀོད་འདོམས་ཐབས་ཇུས་ཀྱི་ནུས་པ། རོགས་སྐྱོབ་དངོས་འཐབ་ཀྱི་ནུས་པ། སྤྱི་ཚོགས་སྐུལ་སློང་གི་ནུས་པ་བཅས་ཆེ་རུ་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས“ཡུལ་དེ་གོང་འཕེལ་གཏོང་བ་དང་། ཡུལ་དེ་དུས་བདེ་ཡོང་བའི”ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་ཁུར་ནས་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས། རང་བྱུང་གནོད་འཚེ་ཚབས་ཆེན་དང་བདེ་འཇགས་ལས་འཛོལ་གྱི་བརྟག་དཔྱད་དཔྱད་དཔོག་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རང་འཁྲིའི་ལས་འགན་སྣང་མེད་དུ་བཏང་ནས་གྱོང་གུན་བཟོས་པའམ་ཡང་ན་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་བཟོས་རིགས་སྒྲིག་ཁྲིམས་དང་བཅའ་ཁྲིམས་བཞིན་འགན་སྒྲུབ་ཕྱོགས་ཀྱི་འགན་འཁྲི་རྩད་གཅོད་དགོས། འཕྲལ་སྡོམ་དོ་དམ་སྡེ་ཚན་གྱི་ཕྱོགས་བསྡུས་ལེགས་ཆ་དང་འབྲེལ་ཡོད་སྡེ་ཚན་ཁག་གི་ཆེད་ལས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་འགན་འཁྲི་ཁག་བགོས་གཞིར་བཟུང་། རང་སོ་སོའི་འགན་འཁྲི་ཁུར་ནས“སྔོན་འགོག”དང“རོགས་སྐྱོབ”ཀྱི་འགན་འཁྲིའི་སྦྲེལ་ཐག་ཡག་པོ་མཐུད་ནས་འགན་འཁྲིའི་སྦྲེལ་ཐག་དམ་ཚགས་སྦྲེལ་མཐུད་ཐུབ་པའི་འགན་ལེན་བྱས་ཏེ་སྤྱི་ཡོངས་ཀྱི་མཉམ་ཤུགས་ཆགས་པ་བྱེད་དགོས།
     ཞི་ཅིན་ཕིང་གིས་འཕྲལ་སྡོམ་དོ་དམ་སྡེ་ཚན་གྱིས་ལོ་འཁོར་མོའི་ཉིན་365དང་ཉིན་ལྟར་གྱི་ཆུ་ཚོད་24ཚང་མར་འཕྲལ་སྡོམ་ལྟ་སྲུང་བྱེད་དགོས་པས། དུས་དང་རྣམ་པ་ཀུན་ཏུ་ཧ་ཅང་ཉེན་ཁ་ཆེ་བའི་གནས་ཚུལ་དང་འཆི་གསོན་གྱི་ཚོད་བགམ་འཕྲད་ཀྱི་ཡོད། འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་གི་བཀོད་འཐབ་པ་ཡོངས་ཀྱིས་ཏང་ལ་ལྷག་བསམ་རྣམ་དག་དང་། སྒྲིག་ཁྲིམས་དམ་ལ་ནན་པ། སྲོག་ཉེན་ལའང་མི་འཛེམ་པ། དམངས་ལ་ལྷག་བསམ་རྣམ་དག་བཅས་བྱས་ཏེ་ཏང་དང་མི་དམངས་ཀྱིས་ཡིད་ཆེས་བྱེད་འོས་པའི་སྟོབས་ཤུགས་ཤིག་ཏུ་འགྱུར་བ་བྱེད་དགོས། འཕྲལ་སྡོམ་དོ་དམ་ལ་འགན་འཁྲི་ལྕི་བ་དང་། གནོན་ཤུགས་ཆེ་བ། ཉེན་ཁ་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པ་དང་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་གི་ལེགས་སྐྱེས་འབུལ་མང་བ་དང་བློས་གཏོང་མང་བས་ཕྱོགས་ཁག་གིས་དཔུང་ཁག་འདིར་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་ལས་རིགས་ཀྱི་གཟི་བརྗིད་བསམ་པ་དང་ཡིད་དབང་འགུགས་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

  
style="display:none;"