འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་2ཉིན།

༄༅།། ཟླ་12པར་ཏུན་གོར་ལྕགས་ལམ་ཤར་གཏོང་ཐུབ་རྒྱུ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་02ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་28ཉིན། གསར་འགོད་པས་ཀྲུང་གོའི་ལྕགས་ལམ་མཚོ་སྔོན་མཐུན་ཚོགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་གསལ་ལྟར་ན། ཀན་སུའུ་ཏུན་ཧོང་ནས་མཚོ་སྔོན་ན་གོར་མོའི་བར་གྱི་ལྕགས་ལམ་ལས་རིམ་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་པ་དང་། མིག་སྔར་འཇགས་རྣམ་བཤེར་ལེན་ལས་རིམ་ཚར་ཞིང་། འགུལ་རྣམ་བཤེར་ལེན་ལས་ཀ་འགོ་བརྩམས་ནས། ཟླ་12པར་སྐྱེལ་འདྲེན་ཤར་གཏོང་ཐུབ་པ་ལ་གྲ་སྒྲིག་གང་ལེགས་བྱེད་བཞིན་ཡོད།
     ཏུན་གོར་ལྕགས་ལམ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་ཀན་སུའུ་ཞིང་ཆེན་ཅུའུ་ཆོན་གྲོང་ཁྱེར་ཁུལ་བར་ཡིན་ཞིང་། བྱང་ནས་ཏུན་ཧོང་ས་ཚུགས་དང་། ཨ་ཁུ་སུའེ། སུའུ་པེ་བརྒྱུད་ཅིང་། གདང་ལ་རི་བོ་བརྒལ་ནས་མཚོ་སྔོན་ཞིང་ཆེན་ལ་སླེབས་པ་དང་། མཚོ་བོད་ལྕགས་ལམ་ཟི་ལིང་དང་ན་གོར་མོའི་མཐུད་མཚམས་དབྱིན་མ་ཞ་ས་ཚུགས་སུ་སླེབས་རྒྱུ་རེད། 
     ཏུན་གོར་ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་509ཡོད་ཅིང་། མ་འཇོག་དངུལ་བསྡོམས་པས་མི་དམངས་ཤོག་སྒོར་དུང་ཕྱུར་134.8ཡིན་པ། 2012ལོའི་ཟླ་12པར་ལས་ཀ་འགོ་བརྩམས་པ་དང་། ལམ་ཐིག་ཡོངས་སུ་ཏཱ་ཁྲའེ་ཏན་དང་། ཡུའུ་ཁཱ་སོགས་ས་ཚུགས་25གསར་དུ་བསྐྲུན་ཡོད། ཏུན་གོར་ལྕགས་ལམ་ནི་རྒྱལ་ཁབ་ལྕགས་ལམ་རིམ་པ་I ཅན་གྱི་གློག་ཤུགས་རང་བཞིན་གྱི་འཁོར་རྐྱང་ལྕགས་ལམ་ཞིག་ཡིན་ལ། ལམ་ཐིག་གི་ཇུས་འགོད་མྱུར་ཚད་ནི་ཆུ་ཚོད་རེ་ལ་སྤྱི་ལེ་120ཡིན་ཞིང་། ཏུན་4000ཁུར་ཆོག་པ་རེད།