མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་ཨེ་ཙེའི་ནད་འགོག་བཅོས་ལས་དོན་ལ་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་སྟེ། ཨེ་ཙེ་སོགས་འགོ་ནད་ཚབས་ཆེན་འགོག་བཅོས་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་བྱས་ཏེ་མི་དམངས་
མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱ་ཆེད་དེ་བས་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་02ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་30ཉིན་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་12ཚེས་1ཉིན་ནི་འཛམ་གླིང་ཨེ་ཙེའི་ནད་ཀྱི་ཉིན་མོ་སོ་གཉིས་པ་ཡིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཉེ་ཆར་ཨེ་ཙེའི་ནད་འགོག་བཅོས་ལས་དོན་ལ་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ཞིང་། མཆན་འགོད་མཛུབ་སྟོན་ནང་ཨེ་ཙེའི་ནད་འགོག་བཅོས་བྱ་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་དང་འབྲེལ་བ་ཡོད་པས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་ཞིག་རེད། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་རང་རྒྱལ་གྱི་ཨེ་ཙེའི་ནད་འགོག་བཅོས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་དུས་མཚུངས་དོ་སྣང་བྱེད་དགོས་པའི་གནས་ཚུལ་གསར་པ་འགའ་ཞིག་འཕྲད་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས། ནད་ཡམས་སྔོན་འགོག་ཚོད་འཛིན་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་གོ་སྐབས་སུ་བཟུང་སྟེ་ལམ་སྲོལ་དང་བྱེད་སྟངས་མུ་མཐུད་གསར་གཏོད་བྱེད་པ་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ལས་དོན་ཡག་པོ་སྒྲུབ་པ་མ་ཟད་དྲ་མིག་ཚགས་ཚུད་བཟོས་ནས་གཙོ་གནད་ས་ཁུལ་དང་། གཙོ་གནད་མི་ཚོགས། གཙོ་གནད་ལྷུ་ཚིགས་བཅས་འབུར་དུ་ཐོན་པ་བྱས་ཏེ་ཨེ་ཙེ་སོགས་འགོ་ནད་ཚབས་ཆེན་འགོག་བཅོས་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་བྱེད་དགོས། རིམ་པ་ཁག་གི་སྲིད་གཞུང་དང་སྡེ་ཚན་གྱིས་འགན་འཁྲི་སྔར་བས་དོན་འཁྱོལ་བྱས་ཏེ་འགོག་བཅོས་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་སྨན་བཅོས་རོགས་སྐྱོབ་དང་སྨན་བཅོས་འགན་ལེན་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། སྨན་རྫས་ཞིབ་བཟོ་སོགས་ཚན་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་དང་མི་ཆོས་དོ་ཁུར་ལ་ཤུགས་སྣོན་བརྒྱབ་ནས་ནད་པའི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས། སྔོན་འགོག་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སློབ་གསོ་དང་ཐེ་ཇུས་ཀྱི་ནུས་ལྡན་རང་བཞིན་སྔར་བས་ཆེ་རུ་གཏོང་བ་དང་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་ཨེ་ཙེའི་ནད་འགོག་བཅོས་ལས་དོན་ནང་ཞུགས་པའི་སྤྱི་ཚོགས་རྩ་འཛུགས་ཀྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཏེ་ཨེ་ཙེའི་ནད་ཀྱི་འགོག་བཅོས་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱ་ཆེད་དེ་བས་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་བཏོན་གནང་ཡོད།

  
style="display:none;"