འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་2ཉིན།

༄༅།།ཀྲུང་གོའི་འགྲོ་ལམ་ལ་ཐུན་མོང་མ་ཡིན་པའི་ལེགས་ཆ་དང་མི་མངོན་པའི་སྟོབས་ཤུགས་ལྡན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་02ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     (དབྱི་སི་རལ)ཡུའོ་ཤི་·ཁེ་ལའེ་དབྱིན།
    ངའི་ངོས་ནས་བརྗོད་ན་ཀྲུང་གོར་ཧ་ཅང་དམིགས་བསལ་གྱི་བརྩེ་དུང་ཞིག་ཡོད་ལ་དེ་ག་ནི་ངའི་ཕ་ཡུལ་གཉིས་པ་ཡིན།
རང་ཉིད་ཀྲུང་གོའི་ཧའར་པིན་དུ་སྐྱེས་པ་དང་དེ་གར་སྣང་བ་སྐྱིད་པའི་བྱིས་དུས་བསྐྱལ་བ་ཡིན། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཡོ་རོབ་ཀྱི་ཡ་གུ་དཱ་པ་རྣམས་འཇིགས་སྣང་དང་མུན་པའི་ཁྲོད་འཚོ་བ་སྐྱེལ་བཞིན་ཡོད་མོད། འོན་ཀྱང་སྐབས་དེ་དུས་ཀྲུང་གོས་ང་ཚོར་སྒོ་མོ་ཕྱེ་སྟེ་ཀྲུང་གོ་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་དང་སྒེར་སེམས་མེད་པའི་རོགས་རམ་ཐོབ་བྱུང་། འདི་ལས་ཀྲུང་གོ་མི་དམངས་ཀྱི་མཛའ་གྲོགས་དང་བསྟུན་མཁས་ཀྱི་མི་རིགས་ཀྱི་རང་གཤིས་དང་བློ་རྒྱ་མཚོན་ཐུབ།
     ཆུང་ངུའི་དུས་སུ་རང་ཉིད་སློབ་གྲྭའི་ནང་རོགས་པ་ཚོ་དང་མཉམ་དུ་རྩེད་མོ་རྩེ་བ་དང་། འཁྱགས་ཤུད་གློད་པ། ཤིང་སྡོང་ཐོག་འཛེགས་པ་སོགས་བྱེད་པ་དང་། ཁྱིམ་ནང་དུ་ཕ་མ་གཉིས་ཀྱིས་ཀང་ཆིན་དཀྲོལ་བའི་སྒྲའི་ཁྲོད་དཔེ་དེབ་ལྟ་བ་དང་སྦྱོང་ཚན་འབྲི་ཡི་ཡོད། སྐབས་དེ་དུས་ཀྱི་འཚོ་བ་ནི་རྡོ་ལ་རི་མོ་བརྐོས་པ་བཞིན་ལྷང་ལྷང་དུ་དྲན་བཞིན་འདུག ལོ་12ལ་སླེབས་སྐབས་ང་རང་ཕ་མ་གཉིས་དང་མཉམ་དུ་ཧའར་པིན་ནས་ཁ་བྲལ་ཏེ་དབྱི་སི་རལ་དུ་ལོག ང་ཚོ་ཀྲུང་གོ་དང་ཁ་འབྲལ་འདོད་རྩ་བ་ནས་མེད། ཕ་ཡུལ་དུ་འབྱོར་བའི་ལོ་ཤས་རིང་ང་རང་ཀྲུང་གོར་སྡོད་སྐབས་ཀྱི་ཡོད་ཚད་དང་ཧའར་པིན་དུ་ཡོད་པའི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་དེ་དྲན་གྱི་འདུག་ལ། ང་རང་དང་མཐུན་ལམ་ཟབ་པའི་ཀྲུང་གོའི་གྲོགས་པོ་ཚོ་ཡང་ལྷག་པར་དུ་དྲན། དེས་མ་ཚད་ཀྲུང་གོའི་ཕུན་སུམ་ཚོགས་ལ་རོ་བཅུད་ལྡན་པའི་ཞིམ་ཟས་དག་ཀྱང་ཟ་འདོད་ཆེན་པོ་ལངས་ཀྱི་འདུག ད་ཆ་ང་རང་ལོ་81ལ་སླེབས་མོད། འོན་ཀྱང་ཀྲུང་གོའི་མ་ཏེར་རྟགས་ཅན་གྱི་འཁྱགས་པ་བྱི་རིལ་དང་མ་ཏེར་རྟགས་ཅན་གྱི་སྒོ་ངའི་བག་ལེབ་སོགས་དྲན་གྱི་འདུག རྗེས་སུ་ངས་པར་དེབ་ཁ་ཤས་ཤིག་བཏོན་ནས་ཀྲུང་གོར་སྡོད་སྐབས་ཀྱི་བརྗེད་པར་དཀའ་བའི་ལོ་ཟླར་དྲན་གསོ་བྱས་པ་ཡིན།
     1994ལོར་ཀྲུང་གོ་དང་ཁ་བྲལ་ནས་ལོ་བཅུ་གྲངས་སོང་རྗེས་ངས་སླར་ཡང་ས་ཆ་དེར་བསྐྱོད་པ་ཡིན། གནམ་གྲུ་ནས་བབས་མ་ཐག་ཀྲུང་གོར་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་བ་མིག་ལམ་དུ་འཆར་སྐབས་ང་རང་ཧང་སངས་བྱུང་། སྲང་ལམ་རྒྱ་ཆེ་བ་དང་འགྲིམ་འགྲུལ་སྟབས་བདེ་ཡོད་པ་མ་ཟད་ཡུལ་ལྗོངས་དེ་བས་མཛེས་སྡུག་ལྡན་ཞིང་མི་དམངས་ཀྱི་འཚོ་བ་ཡང་ཧ་ཅང་འབྱོར་ཕྱུག་ལྡན། འགྱུར་ལྡོག་དེ་ལྟ་བུ་བྱུང་བར་ང་རང་སེམས་གཏིང་ནས་དགའ་སྤྲོ་དཔག་མེད་སྐྱེས་བྱུང་། དེ་རྗེས་ང་རང་ཀྲུང་གོར་བསྐྱོད་རིམ་བཞིན་རླབས་ཆེན་གྱི་རྒྱལ་ཁབ་དེར་འགྱུར་ལྡོག་ཆེན་པོ་དེ་འདྲ་འགྲོ་བཞིན་ཡོད་པར་བརྗོད་ཀྱིས་མི་ལངས་བའི་དགའ་བ་ཞིག་སྐྱེས་བྱུང་།
     ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་རིང་། འོད་སྟོང་འབར་བའི་གྲུབ་འབྲས་གཅིག་རྗེས་གཉིས་མཐུད་ངང་ཐོབ་པ་དེའི་ནང་གི་དབུལ་སྒྲོལ་འགག་སྒྲོལ་དང་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བ་སོགས་ཐད་ཀྱི་གྲུབ་འབྲས་ལྡན་པའི་ཉམས་མྱོང་དེ་དག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་དཔྱད་གཞིར་འཛིན་ནས་སློབ་སྦྱོང་བྱེད་རིན་ཆེན་པོ་ཡོད། ང་རང་གིས་རྟག་ཏུ་དབྱི་སི་རལ་གྱི་གྲོགས་པོར་ཀྲུང་གོའི་གྲོང་ཁྱེར་མི་འདྲ་བར་མང་ཙམ་བསྐྱོད་ནས་ས་གནས་དེ་གའི་མི་སེར་དང་ཅི་འཕྲོས་མོལ་འཕྲོས་མང་ཙམ་བྱ་རྒྱུའི་ལྕག་སྐུལ་བྱེད་ཀྱི་ཡོད། འདི་ནི་ཚང་མས་ཀྲུང་གོ་ཤེས་རྟོགས་ངོ་མ་ཞིག་ཡོང་བར་ཕན་ཐོགས་ཡོད་པ་མ་ཟད་བསམ་ཕྱོགས་གསར་པ་ཡོང་བ་དང་བློ་སྒོ་གསར་པ་འབྱེད་རྒྱུར་ཡང་ཕན་ཐོགས་ཆེན་པོ་ཡོད།
      ཀྲུང་གོར་བྱུང་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རང་ངོས་རྒྱལ་ཁབ་ཀྱི་གནས་ཚུལ་དང་དུས་རབས་ཀྱི་ཁྱད་ཆོས་གཞིར་བཟུང་། རང་ངོས་ཀྱི་ཁྱད་ཆོས་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱེད་བཞིན་ཡོད། ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་ལས་ཀྲུང་གོའི་འགྲོ་ལམ་ལ་ཐུན་མོང་མ་ཡིན་པའི་ལེགས་ཆ་དང་མི་མངོན་པའི་སྟོབས་ཤུགས་ལྡན་ཡོད་པ་ར་སྤྲོད་བྱུང་བ་སྨོས་མེད་རེད།
     2010ལོར། ངས་ཁྱིམ་མི་ཁྲིད་དེ་སླར་ཡང་ཀྲུང་གོར་འཚམས་འདྲི་བྱེད་པར་ཡོང་ནས་ཕྲུ་གུ་ཚོར་ང་རང་འཚར་ལོངས་བྱུང་སའི་ས་ཆ་འདིར་བལྟ་རུ་བཅུག་པ་ཡིན། ང་ཚོ་པེ་ཅིང་དང་། ཧྲང་ཧའེ། ཧའར་པིན་སོགས་སུ་བསྐྱོད་པ་ཡིན། ཀྲུང་གོའི་དེང་རབས་ཅན་དང་སྐྱེ་སྟོབས་ཀྱི་དཔལ་འབར་བ་ལས་ངའི་ཁྱིམ་མི་ཚོར་བག་ཆགས་ཟབ་མོ་བཞག་ཡོད། ལྷག་དོན་དུ་མིག་སྔའི་ཀྲུང་གོའི་དྲ་ཐོག་ཚོང་དོན་འཕེལ་རྒྱས་མྱུར་བ་དང་དྲ་སྦྲེལ་མི་རྣམས་ཀྱི་ལས་ཀ་དང་འཚོ་བའི་ཕྱོགས་གང་ས་ཅི་ཐད་དུ་སྤྱོད་བཞིན་ཡོད་པ་དེས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཡོད། ཕྲུ་གུ་ཚོས་དེའི་ཐད་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་འདུག
     ལོ་ལྟར། དབྱི་སི་རལ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱིས་ཀྲུང་གོར་འཚོ་བ་སྐྱེལ་མྱོང་བའི་ཡ་གུ་དཱ་པའི་མི་རབས་རྗེས་མ་དང་དེ་བཞིན་དབྱི་སི་རལ་དུ་ཕྱི་སྦྱོང་སློབ་མ་བྱེད་བཞིན་པའི་ཀྲུང་གོའི་སློབ་མར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲད་པ་མ་ཟད་ཁོང་ཚོས་རྒྱལ་ཁབ་གཉིས་པོའི་མཐུན་ལམ་ཟབ་མོ་མུ་མཐུད་རྒྱུན་འཁྱོངས་ཐུབ་རེ་བྱེད་བཞིན་ཡོད། དབྱི་སི་རལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་སྤེལ་རེས་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེ་དང་གཏིང་ཟབ་ཏུ་འགྲོ་བ་དང་བསྟུན་ནས་ང་ཚོའི་མཛའ་གྲོགས་ཀྱང་དེ་བས་ཟབ་ཏུ་འགྲོ་ངེས་ཡིན་པར་ཡིད་ཆེས་ཡོད།
     ད་ལྟ་ཀྲུང་གོར་ཡོང་ཐེངས་རེར་ངས་ཧའར་པིན་དུ་འགྲོ་ཡི་ཡོད། གང་ཡིན་ཟེར་ན་དེ་གར་ངའི་ཁྱིམ་ཡོད། ང་རང་ཀྲུང་གོར་དགའ་པོ་ཡོད། ཀྲུང་གོར་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པའི་འགྱུར་ལྡོག་བྱུང་བར་ང་རང་སྤོབས་པ་ཆེན་པོ་སྐྱེས་ཀྱི་འདུག ཀྲུང་གོའི་འབྱུང་འགྱུར་དེ་བས་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་སྙིང་དབུས་ནས་ཞུ་རྒྱུ་ཡིན་ཞེས་བརྗོད།