མི་དམངས་དྲ་བ།

༄༅༎ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་01ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     《ཀྲུང་གོ་གུང་ཁྲན་ཏང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞི་རིམ་རྩ་འཛུགས་ལས་དོན་གྱི་སྲོལ་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་གི་གཞུང་ཁོངས་ཁེ་ལས་ཀྱི་གཞི་རིམ་རྩ་འཛུགས་ལས་དོན་གྱི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ལ་གྲོས་ཞིབ་བྱས་པ།
     ▶ གཞུང་ཁོངས་ཁེ་ལས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་རྨང་གཞི་དང་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་ཞིག་རེད་ལ། ཏང་གིས་སྲིད་སྐྱོང་བ་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་ཀ་རྟེན་དང་རྟེན་སའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་རེད། ཏང་གིས་གཞུང་ཁོངས་ཁེ་ལས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་རྩ་འཛུགས་དང་། ལམ་ལུགས། ལམ་སྲོལ་བཅས་ཀྱི་ཐད་ནས་གཞུང་ཁོངས་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་གནས་བབ་ལ་འགན་ལེན་བྱེད་དགོས་པ་དང་ཁེ་ལས་ཀྱི་ཏང་ཨུད(ཏང་ཙུའུ)ཀྱིས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་ལ་འགན་ལེན་བཅས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་29ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ《ཀྲུང་གོ་གུང་ཁྲན་ཏང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞི་རིམ་རྩ་འཛུགས་ལས་དོན་གྱི་སྲོལ་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་གི་གཞུང་ཁོངས་ཁེ་ལས་ཀྱི་གཞི་རིམ་རྩ་འཛུགས་ལས་དོན་གྱི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ལ་གྲོས་ཞིབ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཚོགས་འདུའི་ཐོག་བསྟན་དོན། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞི་རིམ་རྩ་འཛུགས་ལས་དོན་གྱི་སྲོལ་ཡིག》ལ་བཟོ་བཅོས་རྒྱག་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་དོན་འཁྱོལ། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་གཏོང་བཅས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་དེ་བཞིན་ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་ཐད་དོན་སྙིང་ཡང་ཧ་ཅང་གལ་ཆེན་ལྡན་ཡོད།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་དང་རྒྱལ་ཁབ་ཀྱི་རིམ་ཁག་ལས་ཁུངས་ཀྱི་གནས་བབ་གལ་ཆེ་ལ་ཕྲག་ཏུ་ཁུར་བའི་འགན་འཁྲིའང་ཆེན་པོ་ཡོད་པས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་དམིགས་བསལ་གྱི་རང་བཞིན་གལ་ཆེན་ལྡན་ཁར། ཁྱབ་ཁོངས་གཞན་དག་གི་ཏང་འཛུགས་སྐྱོང་ཐད་མིག་དཔེ་དང་ཁ་ཕྱོགས་ཀྱི་ནུས་པ་ཐོན་གྱི་ཡོད། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་བཏང་ནས་ཏང་ཀྲུང་དབྱང་ཐུགས་བློ་བདེ་བ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་ཤིག་བསྐྲུན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་དེ་བཞིན་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཞབས་འདེགས་ཞུ་དགོས། ལས་ཁུངས་ཀྱི་ཏང་གི་གཞི་རིམ་རྩ་འཛུགས་མ་ལག་སྟོབས་ཆེར་བཏང་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་དེ་ལས་སྒོའི་ལས་དོན་དང་མཉམ་འདྲེས་གཏིང་ཟབ་དང་ཕན་ཚུན་སྐུལ་འདེད་ལ་སྐུལ་མ་བཏང་སྟེ་ཏང་འཛུགས་སྐྱོང་ལས་དོན་གྱི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་དགོས། ཏང་ཀྲི་པུའུ་ཚད་གཞི་ཅན་དང་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་མ་བཏང་ནས་ཏང་ཡོན་གྱི་སློབ་གསོ་དོ་དམ་ནན་དུ་བཏང་སྟེ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པར་ལས་གནས་ལ་གཞི་ཚུགས་ནས་བྱས་རྗེས་འཇོག་རྒྱུར་ཁྲིད་སྟོན་དང་ལྕག་སྐུལ་བྱེད་དགོས། ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་རྒྱུན་གཏན་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་ཡོན་ལས་བྱེད་པར་ལམ་ལུགས་ལ་ནན་པོར་གཞིགས་ནས་འགན་འཁྲི་སྒྲུབ་པ་དང་། དབང་ཆ་སྤྱོད་པ། ལས་དོན་སྤེལ་བ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་ལས་བྱེད་པ་འདེམས་སྒྲུག་བྱས་ནས་ཏང་དོན་ལས་དོན་ནང་ཞུགས་སུ་འཇུག་པ་དང་། ཏང་དོན་ལས་བྱེད་པ་དང་ལྷག་དོན་དུ་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལས་ཁུངས་ཀྱི་ཏང་དོན་ལས་བྱེད་པའི་ལས་ཀའི་བརྩོན་སེམས་སྐོང་འཐེན་གང་ལེགས་བྱེད་དགོས།
     ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱེད་པའི་མཉམ་ཤུགས་ཆགས་པར་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དེ་གནས་བབ་གལ་ཆེན་དུ་བཞག་ནས་དམ་འཛིན་གྱིས་དཔེ་བཟང་ལས་ཁུངས་དང་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་ཅིག་ཏུ་ཧུར་ཐག་གཏོད་དགོས། ལས་ཁུངས་ཏང་ཙུའུ(ཏང་ཨུད)ཡིས་རང་ཚན་པའི་ཏང་འཛུགས་སྐྱོང་ལ་འགོ་འཁྲིད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཏང་ཙུའུ(ཏང་ཨུད)ཡི་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་འཁུར་ཏེ་ཚན་ཁག་གི་ཁོངས་མི་གཞན་དག་གི་སྣེ་ཁྲིད་ནས“གནས་གཅིག་འགན་གཉིས”དོན་འཁྱོལ་ཡག་པོ་བྱེད་དགོས། ལས་ཁུངས་ཀྱི་ལས་དོན་ཨུ་ལྷན་གྱིས་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཙུའུ(ཏང་ཨུད)ཡིས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པར་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས།
     ཚོགས་འདུའི་ཐོག་བསྟན་དོན། 《ཀྲུང་གོ་གུང་ཁྲན་ཏང་གི་གཞུང་ཁོངས་ཁེ་ལས་ཀྱི་གཞི་རིམ་རྩ་འཛུགས་ལས་དོན་གྱི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ལ་ཞིབ་འཇུག་བྱས་ནས་བཟོ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་དོན་འཁྱོལ། ཏང་གིས་གཞུང་ཁོངས་ཁེ་ལས་ལ་ཕྱོགས་ཡོངས་ནས་འགོ་འཁྲིད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ། གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཡིན་པ་མ་ཟད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཁེ་ལས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞུང་ཁོངས་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་དང་། གསར་གཏོད་ནུས་པ། ཚོད་འཛིན་ནུས་པ། ཤུགས་རྐྱེན་ནུས་པ། ཉེན་ཁ་འགོག་ནུས་བཅས་ཆེ་རུ་བཏང་སྟེ་གཞུང་ཁོངས་མ་གནས་སྟོབས་ཆེར་གཏོང་བ་དང་། ལེགས་སུ་གཏོང་བ། རྒྱ་ཆེར་གཏོང་བ་བཅས་ཀྱི་ཐད་དོན་སྙིང་ཧ་ཅང་གལ་ཆེན་ཡང་ལྡན་ཡོད།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གཞུང་ཁོངས་ཁེ་ལས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་རྨང་གཞི་དང་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་ཞིག་རེད་ལ། ཏང་གིས་སྲིད་སྐྱོང་བ་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་ཀ་རྟེན་དང་རྟེན་སའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་རེད། ཏང་གིས་གཞུང་ཁོངས་ཁེ་ལས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་རྩ་འཛུགས་དང་། ལམ་ལུགས། ལམ་སྲོལ་བཅས་ཀྱི་ཐད་ནས་གཞུང་ཁོངས་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་གནས་བབ་ལ་འགན་ལེན་བྱེད་དགོས་པ་དང་ཁེ་ལས་ཀྱི་ཏང་ཨུད(ཏང་ཙུའུ)ཀྱིས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་ལ་འགན་ལེན་བཅས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཁེ་ལས་ལམ་ལུགས་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ཀུང་སི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་རྒྱུ་གཉིས་གཅིག་གྱུར་ཡོང་བ་བྱེད་པ། ཏང་གི་འགོ་ཁྲིད་དེ་ཀུང་སི་བཅོས་སྐྱོང་གི་ལྷུ་ཚིགས་ཁག་ནང་འདྲེས་པར་བྱེད་པ། ཁེ་ལས་ཀྱི་ཏང་རྩ་འཛུགས་དེ་ཀུང་སི་བཅོས་སྐྱོང་གི་གྲུབ་ཆའི་ཁྲོད་འཇུག་པ། ཀུང་སིའི་ཁྲིམས་མིའི་བཅོས་སྐྱོང་གི་གྲུབ་ཆའི་ཁྲོད་ཏང་རྩ་འཛུགས་ཀྱི་ཁྲིམས་གཏན་འཁེལ་བའི་གནས་བབ་གསལ་བཟོ་དང་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་གཞུང་ཁོངས་ཁེ་ལས་ཀྱི་ཏང་ཨུད(ཏང་ཙུའུ)ཀྱི་འགོ་ཁྲིད་ནུས་པ་འདོན་རྒྱུ་རྩ་འཛུགས་ཅན་དང་། ལམ་ལུགས་ཅན། ཞིབ་ཕྲ་ཅན་བཅས་ཡོང་བའི་འགན་ལེན་བྱེད་དགོས།
     ཚོགས་འདུའི་ཐོག རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ལག་ལེན་ཏན་ཏིག་བསྟར་ཏེ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཁེ་ལས་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

  
style="display:none;"