འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་30ཉིན།

༄༅༎ཏུན་ཧོང་ནས་གོར་མོ་བར་གྱི་ལྕགས་ལམ་ལ་བབ་བསྟུན་ཞིབ་དཔྱད་དང་ཞིབ་བཤེར་རྩིས་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་30ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཏུན་ཧོང་ནས་གོར་མོ་བར་གྱི་ལྕགས་ལམ་ལས་གྲྭ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། ཟླ་11ཚེས་27ཉིན་དང་ཚེས་28ཉིན་དངོས་སུ་བབ་བསྟུན་ཞིབ་དཔྱད་དང་ཞིབ་བཤེར་རྩིས་ལེན་བྱས་ཏེ། ཟླ་12པའི་ནང་དངོས་སུ་མེ་འཁོར་ཤར་གཏོང་ཐུབ་རེ་ཡོད་པ་རེད།
     ཏུན་ཧོང་ནས་གོར་མོ་བར་གྱི་ལྕགས་ལམ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དང་ཀན་སུའུ་ཞིང་ཆེན་ཅིའུ་ཆོན་གྲོང་ཁྱེར་གྱི་ཁོངས་སུ་གནས་ཤིང་། དེའི་བྱང་ཏུན་ཧོང་ས་ཚུགས་ནས་འགོ་བཙུགས་པ་དང་། ཨ་ཁེ་སའེ་དང་སུའུ་པེ་བརྒྱུད་མདོ་ལ་རིང་མོའི་རི་རྒྱུད་བརྒལ་རྗེས་མཚོ་སྔོན་ཞིང་ཆེན་དུ་འབྱོར་བ་དང་། ཡུའེ་ཁ་དང་ཚྭ་འདམ་བརྒྱུད་མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་གོར་མོའི་ལམ་དུམ་གྱི་དབྱིན་མ་ཞ་བབས་ཚུགས་དང་སྦྲེལ་ཡོད། ལམ་རྒྱུད་ཧྲིལ་པོར་སྤྱི་ལེ་509ཡོད་པ་དང་མ་དངུལ་བསྡོམས་སྒོར་དུང་ཕྱུར་134.8བཏང་ཡོད་པ་རེད། 2012ལོའི་ཟླ་12པར་དངོས་སུ་འཛུགས་སྐྲུན་བྱས་ཏེ་ལམ་ཐིག་ཧྲིལ་པོར་ཚྭ་འདམ་དང་ཡུའེ་ཁ་སོགས་མེ་འཁོར་བབས་ཚུགས་25གསར་སྐྲུན་བྱས་ཡོད། 
     མཚོ་བོད་ལྕགས་ལམ་ཚོགས་པ་ཀུང་སི་དང་ལན་ཀྲོའུ་ལྕགས་ལམ་ཅུས་ཚོགས་པ་ཀུང་སིའི་འཛུགས་སྐྲུན་སྒྲིག་འཛུགས་དོ་དམ་སྡེ་ཚན་དང་། འབྲེལ་ཡོད་སྐྱེལ་འདྲེན་སྡེ་ཚན། འཛུགས་སྐྲུན་ནང་ཞུགས་པའི་ཚན་པ་བཅས་ལས་གྲུབ་པའི་བབ་བསྟུན་ཞིབ་དཔྱད་འགོ་ཁྲིད་ཚོགས་ཆུང་གིས་གཏན་འབེབས་དང་ཚད་གཞི་ཁག་ལ་ནན་པོར་གཞིགས་ཏེ། ལམ་ཐིག་ལས་གྲའི་སྤུས་ཚད་དང་། འཁོར་ལམ་གྱི་གནས་ཚུལ། མེ་འཁོར་ཚོད་འཛིན། འབྲེལ་མཐུད་དྲ་བ། འཕྲིན་གཏོང་བརྡ་རྟགས་མ་ལག་སོགས་ཀྱི་ཆེད་ལས་སྒྲིག་ཆས་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་གཏན་འཁེལ་དང་ལེགས་སྒྲིག་བྱས་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་མེད་པར་བཟོས་ནས་ལམ་ཐིག་བདེ་འཇགས་དང་སྐྱེལ་འདྲེན་གཉེར་སྐྱོང་བརྟན་པོ་ཡོང་བའི་བླང་བྱར་གཞིགས་ནས་མེ་འཁོར་བདེ་བླག་ངང་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཡོད།
     ཏུན་ཧོང་ནས་གོར་མོ་བར་གྱི་ལྕགས་ལམ་ནི་མཚོ་བོད་ལྕགས་ལམ་དང་ལན་ཤིན་ལྕགས་ལམ་ཆེ་མོ་གཉིས་ཀྱི་ལམ་ཐིག་ཨ་མའི་བར་གྱི་སྦྲེལ་མཐུད་ལམ་ཐིག་གལ་ཆེན་ཞིག་ཡིན་པ་དང་། ལས་གྲྭ་འཛུགས་སྐྲུན་བྱས་པ་དེས་ནུབ་བརྒྱུད་ལྕགས་ལམ་དྲ་བའི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། མཚོ་བོད་ལྕགས་ལམ་གྱི་སྐྱེལ་འདྲེན་གཉེར་སྐྱོང་ནུས་པ་འདོན་སྤེལ་བྱེད་པ། རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་འཕེལ་རྒྱས་འཆར་འགོད་བཀོད་སྒྲིག་དོན་འཁྱོལ་བྱེད་པ། ཀན་སུའུ་དང་། མཚོ་སྔོན། ཤིན་ཅང་། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་ཕྱི་ཕྱོགས་དཔལ་འབྱོར་གྱི་རིག་གནས་སྤེལ་རེས་དང་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ནུབ་རྒྱུད་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ། ལམ་རྒྱུད་ཐོན་ཁུངས་གསར་སྤེལ་གྱིས་ལྕགས་ལམ་སྐྱེལ་འདྲེན་བྱེད་ཤུགས་ཀྱི་དགོས་མཁོ་སྐོང་བ་བཅས་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད།