འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་29ཉིན།

༄༅༎མཚོ་སྔོན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཕྱི་འབྲེལ་པུའུ་རུ་བསྐྱོད་དེ་སྒྱུ་རྩལ་གྱི་
མཛེས་སྡུག་འཛམ་གླིང་ཡོངས་ལ་དབང་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་29ཉིན། 12:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་11ཚེས་26ཉིན། ཕྱི་འབྲེལ་པུའུ་ཡིས་མཚོ་སྔོན་གོ་ལ་ཧྲིལ་པོར་འོས་སྦྱོར་བྱེད་སྒོ་སྤེལ་ལ། པར་རིས་ནི་མཚོ་སྔོན་གྱི་བཟོ་རྩལ་མཁས་ཅན་གྱིས་སྐུ་མགྲོན་ལ་ཐང་ག་བཞེངས་ལུགས་འགྲེམས་སྟོན་བྱེད་བཞིན་པའི་རྣམ་པ་ཡིན།
ཟླ་11ཚེས་26ཉིན། ཕྱི་འབྲེལ་པུའུ་ཡིས་མཚོ་སྔོན་གོ་ལ་ཧྲིལ་པོར་འོས་སྦྱོར་བྱེད་སྒོ་སྤེལ་ལ། པར་རིས་ནི་མཚོ་སྔོན་གྱི་བཟོ་རྩལ་མཁས་ཅན་གྱིས་སྐུ་མགྲོན་ལ་ཐང་ག་བཞེངས་ལུགས་འགྲེམས་སྟོན་བྱེད་བཞིན་པའི་རྣམ་པ་ཡིན།
     མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ཕྱི་འབྲེལ་པུའི་ཚོམས་ཆེན་སྔོན་པོའི་ནང་མངོན་མིན་རིག་གནས་ཤུལ་བཞག་བོད་ཀྱི་འཚེམ་དྲུབ་རྒྱུན་འཛིན་པ་ལྷ་མོ་གཡུང་དྲུང་འཚེམ་དྲུབ་སྟེགས་བུའི་མདུན་དུ་བསྡད་དེ་འཚེམ་དྲུབ་བྱེད་ཀྱི་ཡོད། ཁོ་མོའི་རྒྱབ་ཀྱི་གྱང་ངོས་སུ་རིང་ཚད་སྨི་12དང་ཞེང་ཚད་སྨི་3ཡོད་པའི《ལེ་དབར་སྟོང་གི་ལས་དབང》ཞེས་པའི་བོད་ཀྱི་འཚེམ་དྲུབ་བརྩམས་ཆོས་ཤིག་བཀལ་ཡོད། 
     ད་ལོ་ལོ་34ལ་སླེབས་པའི་ལྷ་མོ་གཡུང་དྲུང་ནི“ཀྲུང་གོའི་བོད་ཀྱི་འཚེམ་དྲུབ་ཐོན་སྐྱེད་རྟེན་གཞི”དང“བོད་ཀྱི་འཚེམ་དྲུབ་ཐོན་ས”ཞེས་པའི་མཚན་སྙན་ལྡན་པའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་དུ་སྐྱེས་ལ། ས་གནས་དེ་གའི་བོད་རིགས་བུད་མེད་མང་ཆེ་བས་བོད་ཀྱི་འཚེམ་དྲུབ་ཤེས་ཀྱི་ཡོད། “བོད་ཀྱི་འཚེམ་དྲུབ་ལག་རྩལ་ནི་ཁྱིམ་རྒྱུད་རྣམ་པའི་རྒྱུན་འཛིན་གཙོ་བོར་བྱེད་ཀྱི་ཡོད། སྲོལ་རྒྱུན་གྱི་བོད་ཀྱི་འཚེམ་དྲུབ་བརྩམས་ཆོས་གཙོ་བོ་ནི་བོད་ཀྱི་འཚེམ་དྲུབ་ཐང་ག་སོགས་ཆོས་ལུགས་མཁོ་ཆས་དང་བོད་རིགས་བུད་མེད་ཀྱི་རྒྱན་གོས་སོགས་མི་རིགས་ཀྱི་རྒྱན་གོས་བཅས་ཡིན”ཞེས་བརྗོད། 
     དེང་རབས་ཅན་གྱི་འཕྲུལ་འཁོར་ཐོན་སྐྱེད་ཆེན་པོ་བྱེད་པའི་དུས་རབས་ནང་། བོད་ཀྱི་འཚེམ་དྲུབ་ལྟ་བུའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ནི་ཇེ་ཉུང་ནས་ཇེ་ཉུང་རེད།  2006ལོར་ལྷ་མོ་གཡུང་དྲུང་དང་ཁོ་མོའི་ཨ་ཕ་གཉིས་ཀྱིས་མཉམ་དུ་གྲོང་ཚོའི་ནང་གི་འཚེམ་དྲུབ་བུད་མེད་སྣེ་ཁྲིད་དེ་བོད་ཀྱི་འཚེམ་དྲུབ་བཟོས་པ་རེད། “ངས་གྲོང་མི་དེ་བས་མང་པོ་བོད་ཀྱི་འཚེམ་དྲུབ་བཟོ་བའི་དཔུང་ཁག་ནང་ཞུགས་སུ་བཅུག་ནས། མི་དེ་བས་མང་པོ་བོད་ཀྱི་འཚེམ་དྲུབ་ལ་དགའ་པོ་བྱེད་འཇུག་པར་འདོད་ཀྱི་ཡོད”ཅེས་བརྗོད། ད་ཆ་མང་རྫོང་གི་བོད་ཀྱི་འཚེམ་དྲུབ་བརྩམས་ཆོས་ཨ་རི་དང་། བལ་ཡུལ། རྒྱ་གར་སོགས་རྒྱལ་ཁབ་ཁག་ཏུ་ཕྱིར་ཚོང་བྱས་ཡོད། 
     ཉིན་ཤས་གོང་འཚོགས་པའི་ཕྱི་འབྲེལ་པུའི་མཚོ་སྔོན་གོ་ལ་ཧྲིལ་པོའི་འོས་སྦྱོར་བྱེད་སྒོའི་ཐོག་མཚོ་སྔོན་ཞིང་ཆེན་ནས་ཡོང་བའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་9ཡོད་པ་དག་གིས་ཡུལ་དངོས་སུ་ཐང་ག་དང་། འཇིམ་བརྙན། བོད་ཀྱི་ས་གདན་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་བརྩམས་ཆོས་འགྲེམས་སྟོན་བྱས་པ་རེད། 
     ཀྲུང་གོ་བཟོ་རྩལ་མཛེས་རྩལ་མཁས་ཅན། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཏེ་རེབ་གོང་སྒྱུ་རྩལ་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་སྙིང་འབུམ་གྱིས་ལོ་མང་རིང་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་གཞོལ་གྱི་ཡོད། “ནར་སོན་རྗེས་ང་མཚོ་སྔོན་ནས་ཐོན་ཏེ་སི་ཁྲོན་དང་། བོད་ལྗོངས། ཀན་སུའུ་སོགས་ཀྱི་དགོན་པ་ལ་འགྲོ་མྱོང་ལ། ས་དེ་གའི་དགེ་རྒན་ལས་ལག་རྩལ་དང་རི་མོ་འབྲི་སྦྱོང་བསླབས། དེའི་བརྒྱུད་རིམ་ཁྲོད་དུ་ངས་རྒྱུན་པར་ཐང་གའི་འཕེལ་རྒྱས་ཀྱི་ལམ་ཁ་བཙལ་བ་ཡིན། ཕྱིས་སུ་ང་ཕ་ཡུལ་དུ་ལོག་ནས་རེབ་གོང་རི་མོ་ཁང་བཙུགས་པ་དང་ཆེད་མངགས་རེབ་གོང་ལྷ་རིས་པ་གསོ་སྐྱོང་བྱས་ཏེ་ཐང་གའི་སྒྱུ་རྩལ་གྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ་གཏོང་བཞིན་ཡོད”ཅེས་བརྗོད། 
     ལོ་ཉི་ཤུ་ལྷག་ཙམ་རིང་། སྙིང་འབུམ་གྱིས་རྒྱལ་ནང་དུ་འགྲེམས་སྟོན་སྤེལ་བ་ཕུད། ཧྥ་རན་སེ་དང་། པེར་ཀྲེམ། སུའེ་ཙེར་སོགས་རྒྱལ་ཁབ་ཉི་ཤུ་ལྷག་ཙམ་དུ་ཐང་གའི་བརྩམས་ཆོས་འགྲེམས་སྟོན་བྱས་པ་རེད། ཐང་གའི་ཐུན་མོང་མ་ཡིན་པ་དང་ཕུལ་དུ་བྱུང་བའི་སྒྱུ་རྩལ་གྱི་ཡོན་ཚད་དང་གཏིང་ཟབ་ཅིང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ཉིང་བཅུད་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་སྒྱུ་རྩལ་ཐོན་རྫས་ཀྱི་འགྲེམས་སྟོན་དང་རིག་གཞུང་ལས་རིགས་ཀྱི་ཁས་ལེན་ཐོབ་ཡོད། 
     2016ལོར་སྙིང་འབུམ་གྱིས་པེ་ཅིང་དུ་ལས་དོན་ཁང་བཙུགས་ལ། “འདི་རུ་ང་ལ་ཐང་གའི་སྒྱུ་རྩལ་བརྩམས་ཆོས་ཕྱི་རྒྱལ་དུ་ངོ་སྤྲོད་བྱེད་པའི་གོ་སྐབས་དེ་བས་མང་བ་ཡོད་ལ། ཐང་གའི་སྒྱུ་རྩལ་དར་རྒྱས་གོང་འཕེལ་གཏོང་བ་དང་ཕྱིར་ཐོན་ཏེ་ཕྱི་རྒྱལ་དུ་བསྐྱོད་ཐུབ་པ་བྱེད་ཐུབ་ཀྱི་ཡོད། མི་དེ་བས་མང་བས་ཐང་གའི་སྒྱུ་རྩལ་ལ་བརྟེན་ནས་བོད་རིགས་ཀྱི་ལོ་རྒྱུས་ཤེས་དཔལ་ལ་རྒྱུས་ལོན་བྱེད་ཀྱི་ཡོད་པ་དང་ཀྲུང་གོའི་མི་རིགས་མང་པོའི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་ཀྱི་ཡོད། མི་རིགས་ཀྱི་ཡིན་པ་དེ་འཛམ་གླིང་གི་ཡིན། མི་རིགས་ཀྱི་མཛེས་སྡུག་འཛམ་གླིང་ཡོངས་ལ་དབང”ཞེས་བརྗོད། 
     མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་ལུའི་ཞ་ཡིས“ཀྲུང་གོའི་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་ཀྱི་འཆར་གཞི་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་མི་ཚོགས་ཀྱི་ཞིབ་འཇུག་ཟབ་སྦྱོང་གསོ་སྦྱོང་འཆར་གཞི་སོགས་སྤེལ་བ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་མང་པོ་དེང་རབས་མིའི་འཚོ་བའི་ནང་ཞུགས་ནས་མིའི་དགོས་མཁོ་སྐོང་བཞིན་ཡོད། ད་ཐེངས་ཕྱི་འབྲེལ་པུའི་མཚོ་སྔོན་གོ་ལ་ཧྲིལ་པོའི་འོས་སྦྱོར་བྱེད་སྒོར་ཞུགས་པ་ནི་ཐོབ་དཀའ་བའི་གོ་སྐབས་ཤིག་རེད། ང་ཚོས་གོ་སྐབས་འདིར་བསྟུན་ནས་གོ་ལ་ཧྲིལ་པོར་མཚོ་སྔོན་གྱི་སྣང་བརྙན་སྟོན་པ་དང་མཚོ་སྔོན་གྱི་དམངས་ཁྲོད་སྒྱུ་རྩལ་འཛམ་གླིང་ལ་འགྲེམས་སྟོན་བྱེད་འདོད་ཡོད”ཅེས་བཤད་པ་རེད།