མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་སུའུ་རི་ནམ་གྱི་ཙུང་ཐུང་པའོ་ཐེ་སེ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་29ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་11ཚེས་27ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་སུའུ་རི་ནམ་གྱི་ཙུང་ཐུང་པའོ་ཐེ་སེ་དང་གྲོས་མོལ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཙུང་ཐུང་པའོ་ཐེ་སེ་སྟངས་དཔྱལ་དང་ལྷན་བཞུགས་སྐུ་པར་སྒྲོན་བཞིན་པ།

ཟླ་11ཚེས་27ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་སུའུ་རི་ནམ་གྱི་ཙུང་ཐུང་པའོ་ཐེ་སེ་དང་གྲོས་མོལ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཙུང་ཐུང་པའོ་ཐེ་སེ་སྟངས་དཔྱལ་དང་ལྷན་བཞུགས་སྐུ་པར་སྒྲོན་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་སུའུ་རི་ནམ་གྱི་ཙུང་ཐུང་པའོ་ཐེ་སེ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་སུའུ་རི་ནམ་དབར་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་པ་ཐུན་མོང་ཐོག་ཁྱབ་བསྒྲགས་གནང་བ་རེད།
     ཞི་ཅིན་ཕིང་གིས། སུའུ་རི་ནམ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་མཁན་ཅཱ་ལེ་པིའི་རྒྱལ་ཁབ་དང་པོ་དེ་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་43རིང་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་དང་། ཕན་ཚུན་བསམ་ཤེས། ཕན་ཚུན་ཡིད་ཆེས་བཅས་ཀྱི་ཁྲོད། ཀྲུང་གོ་དང་སུའུ་རི་ནམ་གྱི་འབྲེལ་བ་དེ་ཀྲུང་གོ་དང་ཅཱ་ལེ་པི་རྒྱལ་ཁབ་དབར་གྱི་འབྲེལ་བའི་མདུན་གྲལ་དུ་ཡུན་རིང་གནས་ནས། རྒྱལ་ཁབ་ཆེ་ཆུང་མཛའ་གྲོགས་མཉམ་གནས་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་མིག་དཔེ་བཏོད་ཡོད། ཀྲུང་གོ་དང་སུའུ་རི་ནམ་གྱི་འབྲེལ་བའི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་དུས་མཚམས་གལ་ཆེན་དུ་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའུ་རི་ནམ་དང་མཉམ་དུ་འབད་བརྩོན་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གོ་སྐབས་སུ་བྱས་ནས་ཀྲུང་གོ་དང་སུའུ་རི་ནམ་གྱི་འབྲེལ་བའི་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོ་དང་སུའུ་རི་ནམ་གྱིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་མཐའ་འཁྱོངས་དང་འབྲེལ་དར་སྤེལ་བཏང་ནས། ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་གྱི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོང་དང་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱེད་པའི་ཆོད་སེམས་ནི་བློ་བརྟན་འགྱུར་མེད་ཅིག་ཡིན། སུའུ་རི་ནམ་གྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྱང་སུའུ་རི་ནམ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ཐད་ཀྱི་འབད་བརྩོན་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཞིང་ནགས་ཉ་བཅས་ལས་རིགས། འཕྲིན་གཏོང་། ནུས་རྒྱུ་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་ནུས་རྒྱུ་གསར་པ་དང་། གྲངས་འཛིན་དཔལ་འབྱོར། ཡུལ་སྐོར། ལྗང་མདོག་དཔལ་འབྱོར་སོགས་ཁྱབ་ཁོངས་གསར་པའི་མཉམ་ལས་གཏོད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྟོབས་ཤུགས་ལྡན་པའི་ཀྲུང་གོའི་མ་འཇོག་ཁེ་ལས་མང་པོ་སུའུ་རི་ནམ་དུ་མ་འཇོག་ལས་གཉེར་བྱེད་པར་བསྐྱོད་རྒྱུར་སྐུལ་ལྕག་བྱ་རྒྱུ་ཡིན། སུའུ་རི་ནམ་ནི་ཅཱ་ལེ་པི་ས་ཁུལ་གྱི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་མང་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཡིན་པས། མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་ཏེ་སློབ་གསོ་དང་ཁྲིམས་འཛིན་སོགས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་སུའུ་རི་ནམ་ལ་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གཏོང་རྒྱུ་ཡིན། ཕྱོགས་གཉིས་པོས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐད་སྦྲེལ་མཐུད་མཐུན་སྦྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་མང་རིང་ལུགས་ལག་བསྟར་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་ནས་རྒྱལ་ཁབ་གཉིས་དང་དེ་བཞིན་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅཱ་ལི་པིའི་རྒྱལ་ཁབ་ཚང་མ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་རྒྱལ་སྤྱིའི་གསར་དར་སྟོབས་ཤུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་མི་དམངས་ཀྱིས་རང་བརྟེན་གདམ་ག་བྱས་པའི་འཕེལ་རྒྱས་འགྲོ་ལམ་གྱི་དབང་ཆར་སྔ་ཕྱི་བར་གསུམ་དུ་བརྩི་འཇོག་བྱ་རྒྱུ་དང་། ལ་ཏིང་མེ་གླིང་གཞི་གཅིག་ཅན་གྱི་འཕེལ་རིམ་དང་གླེང་མོལ་དང་གྲོས་མོལ་བརྒྱུད་ས་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་པར་ཡང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་ད་ཕན་ལོ་ཤས་རིང་གོམ་ཞེང་ཆེན་པོས་མདུན་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཏེ། ཕྱོགས་གཉིས་པོར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་མ་ཟད། ས་ཁུལ་གྲ་རྒྱས་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུར་ཡང་ཕན་ཐོགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་སྟེ། ལྟ་སྟངས་འདྲ་མཉམ་དང་གཉིས་ཁེ་གཉིས་ཕན་གྱི་རྩ་དོན་ལ་གཞིགས་ནས། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཉམ་ལས་གཏིང་ཟབ་དང་ཏན་ཏིག་གི་ཕྱོཌ་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     པའོ་ཐེ་སེས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་གྲུབ་འབྲས་ཐོབ་ངེས་དང་། ཀྲུང་གོ་མི་དམངས་དང་འཛམ་གླིང་ཡོངས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་ངེས་ཀྱི་ཡིད་ཆེས་ཡོད་ཅེས་གསུངས་ཤིང་། པའོ་ཐེ་སེས། ངས་ད་ཐེངས་ཀྲུང་གོར་འཚམས་འདྲི་བྱེད་པ་དེར་ལོ་རྒྱུས་དང་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། སུའུ་རི་ནམ་དང་ཀྲུང་གོའི་མཛའ་གྲོགས་ཆུ་བོའི་རྒྱུན་ལྟར་བཞུར་བ་དང་། སུའུ་རི་ནམ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་ཀྲུང་གོས་རྒྱལ་ཁབ་གཅིག་གྱུར་བྱ་གཞག་ཆེན་པོ་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
     གྲོས་མོལ་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་བའི་མཉམ་ལས་འཆར་འགོད་དང་ཕྱོགས་ཡོངས་ནས་ཕན་ཚུན་ཐོངས་མཆན་མི་འགོད་པ་སོགས་སྐོར་གྱི་ཀྲུང་གོ་དང་སུའུ་རི་ནམ་གྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད།
     རྒྱལ་ཁབ་གཉིས་པོས་མཉམ་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སུའུ་རི་ནམ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསར་འགྱུར་སྤྱི་བསྒྲགས》འགྲེམས་སྤེལ་བྱས་པ་རེད།
     གྲོས་མོལ་མ་གནང་གོང་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་པའོ་ཐེ་སེ་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་ཤིང་། ཕེང་ལི་ཡོན་དང་། དབྱང་ཅེ་ཁྲེ། ཧྲེང་གཡོད་གཡོད། དབང་དབྱི། ཧོ་ལི་ཧྥུང་། ཧྲའོ་ཧུང་སོགས་ཞུགས་ཡོད་པ་རེད།

  
style="display:none;"