འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་29ཉིན།

༄༅༎ཕྱི་འབྲེལ་པུས་གོ་ལ་ཧྲིལ་པོར་མཚོ་སྔོན་འོས་སྦྱོར་ངོ་སྤྲོད་བྱེད་པའི་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་29ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་27ཉིན་གློག་འཕྲིན་འབྱོར་གསལ། “དུས་རབས་གསར་པའི་ཀྲུང་གོ་མཛེས་སྡུག་ལྡན་པའི་མཚོ་སྔོན་གཙང་གསུམ་ཆུ་འགོ་ནས་འཛམ་གླིང་གི་ཕྱོགས་སུ་སྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་གོ་ལ་ཧྲིལ་པོར་འོས་སྦྱོར་ངོ་སྤྲོད་བྱེད་པའི་ཕྱི་འབྲེལ་པུའི་བྱེད་སྒོ་ཚེས་26ཉིན་ཕྱི་འབྲེལ་པུའི་ཚོམས་ཆེན་སྔོན་པོར་སྤེལ་བ་རེད།
     རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་ཡིས་བརྗོད་དོན། “འཛམ་གླིང་ཡང་རྩེར”གནས་པའི་མཚོ་སྔོན་ཞིང་ཆེན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དག་ཞིང་ཞིག་ཡིན་པ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་གཉིས་ཕན་ཚུན་སྤེལ་རེས་བྱེད་པའི་ངོ་མཚར་ཆེ་བའི་ཀྲུང་གོའི་གཏམ་རྒྱུད་ཅིག་རྩོམ་བཞིན་ཡོད་པ། ཀྲུང་གོའི་སྣོད་བཅུད་ཐོན་ཁུངས་ཀྱི་ནོར་བུའི་བང་མཛོད་ཡིན་པ་དང་། རྨ་ཆུ་དང་། འབྲི་ཆུ། རྫ་ཆུ་བཅས་དེ་ནས་བཞུར་ནས་ཀྲུང་གོའི་ས་གཞི་ཆེ་མོ་དང་མི་རབས་ནས་མི་རབས་བར་གྱི་ཀྲུང་ཧྭའི་བུ་ཕྲུག་གསོ་སྐྱོང་བྱས་ཡོད་པ། ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་ས་ཡིན་པ་དང་། མཚོ་སྔོན་མི་དམངས་ཚོས་གོམ་ཞེང་ཆེན་པོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་བཞིན་ཡོད་པ། དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་འགག་གནད་ཡིན་པ་དང་། ལོ་ངོ་བརྒྱ་སྟོང་རིང་མི་རིགས་ཁག་གི་མི་དམངས་ཀྱིས་ལག་གདང་སྦྲེལ་ནས་ཕུན་ཚུན་རོགས་རེས་ཀྱིས་སྣ་མང་རིག་གནས་མཉམ་འདྲེས་མཉམ་གནས་ཡོང་བར་བྱས་པ་བཅས་རེད། མིག་སྔར། མཚོ་སྔོན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་མཉམ་འདྲེས་དམ་ཟབ་ཡོང་བ་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་གཉེར་སྐྱོང་གྲངས་འབོར་རྒྱུན་ཆད་མེད་པར་མང་དུ་བཏང་བ་དང་། ཕྱི་ཕྱོགས་སྒོ་དབྱེ་དང་མཉམ་ལས་ཀྱི་གོམ་སྟབས་ཉིན་བཞིན་ཆེ་རུ་བཏང་ཡོད། མཚོ་སྔོན་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་དེ་དག་ནི་ཀྲུང་གོ་དར་རྒྱས་གོང་འཕེལ་ཕྱིན་པའི་བསྡུས་རིས་ཤིག་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དེང་རབས་ཅན་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་ཐོབ་པའི་མཚོན་ཚུལ་ཞིག་རེད།
     མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས། “རྒྱུད་གཅིག་ལམ་གཅིག”གི་ལྷུ་ཚིགས་གལ་ཆེན་མཚོ་སྔོན་གྱིས་གཙང་གསུམ་ཆུ་འགོ་དང་། སྣོད་བཅུད་སྲུང་ཡོལ། རྒྱལ་ཁབ་ཀྱི་སྤྱི་གླིང་། ཐོན་ཁུངས་ནུས་རྒྱུ་བཅས“མིང་བྱང་བཞི”ལ་བརྟེན་ནས། འཛམ་གླིང་དང་མཉམ་ལས་དམ་ཟབ་ཀྱིས་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་རྒྱུ་ཡིན་ཞེས་བརྗོད། མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་ལིའུ་ཉིང་གིས་སྣོད་བཅུད་སྲུང་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། ཚོང་གཉེར་ཁོར་ཡུག ཞི་མཐུན་གྱི་དམངས་འཚོ་སོགས་ཐད་ནས་མཚོ་སྔོན་ངོ་སྤྲོད་བྱས་པ་དང་། ཀྲུང་ཕྱིའི་ལས་རིགས་ཁག་གི་མི་སྣས་མཚོ་སྔོན་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་ལོངས་སུ་སྤྱད་དེ་མཉམ་དུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བཏོད་པ་དང་སྦྲགས། ཡུལ་སྐོར་གསར་སྤེལ་དང་སྣོད་བཅུད་སྲུང་སྐྱོང་མཉམ་དུ་འཕེལ་རྒྱས་གཏོང་བ་དང་དབུལ་སྐྱོར་དབུལ་སྒྲོལ་གྱི་ཉམས་མྱོང་དང་བྱ་ཐབས་སོགས་ས་ཆ་དངོས་ནས་དྲི་བ་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཀྲུང་གོར་བཅའ་སྡོད་སར་པི་ཡའི་གཞུང་ཚབ་ཆེ་མོ་བ་པཱ་ཆེ་ཝེ་ཆི་དང་། ཀྲུང་གོར་བཅའ་སྡོད་ཁེན་ནི་ཡའི་གཞུང་ཚབ་ཆེ་མོ་བ་སའེ་ལེ་མུའུ། ཀྲུང་གོར་བཅའ་སྡོད་མོ་ཞི་ཁོའི་གཞུང་ཚབ་ཆེ་མོ་བ་པེར་ནར་བཅས་ཀྱིས་རང་སོའི་རྒྱལ་ཁབ་ཀྱིས་མཚོ་སྔོན་དང་མཉམ་ལས་བྱས་ཚུལ་ཁག་སོ་སོར་ངོ་སྤྲོད་བྱས་པ་དང་། མཚོ་སྔོན་གྱི་སྣོད་བཅུད་སྲུང་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། དམངས་འཚོ་འགན་ལེན་སོགས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པས། མཚོ་སྔོན་དང་འཕེལ་རྒྱས་ཀྱི་ཉམས་མྱོང་སྤེལ་རེས་མྱོང་ལེན་ལ་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
     ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་140ལྷག་གི་གཞུང་ཚབ་པ་དང་། ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་དང་དེའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི། ཀྲུང་ཕྱིའི་རིགས་གཅིག་མཁས་ཅན་དང་མཁས་དབང་། སྨྱན་སྦྱོར་གྱི་གསར་འགོད་པ་སོགས་མི་500ལྷག་བྱེད་སྒོར་ཞུཌ་པ་རེད།