འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་29ཉིན།

༄༅༎མཚོ་སྔོན་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་ཕག་ཤ་མཁོ་སྤྲོད་འགན་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་29ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་27ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་གྱི་སྔ་དྲོར། ཟི་ལིང་གྲོང་ཁྱེར་མོ་ཅ་སྲང་ལམ་གྱི་ཕྱོགས་བསྡུས་ཞིང་ཟོག་ཁྲོམ་རའི་ཕག་ཤའི་ཁྲོམ་བཀྱག་མདུན་དུ་ཕག་ཤ་ཉོ་མཁན་དེ་ཙམ་མང་པོ་མི་འདུག དུས་རྒྱུན་དེ་གར་ཚལ་ཉོ་མཁན་ཨ་ཅག་ཧོ་ལགས་ཀྱིས“ན་ནིང་ཕག་ཤ་རྒྱ་མ་གང་ལ་སྒོར་བཅུ་གྲངས་རེད། ད་ལོ་སྒོར་ཉི་ཤུ་སུམ་ཅུ་བར་འཕར་བས་འཕར་ཚད་ཧ་ཅང་མཐོ་པོ་རེད་འདུག”ཅེས་མྱོང་ཚོར་ཟབ་མོས་བརྗོད།
     འདི་ལོའི་ལོ་སྨད་དུ། ཕྱོགས་མང་པོའི་རྒྱུ་རྐྱེན་ལས་མཚོ་སྔོན་གྱི་ཕག་པ་གསོ་ཚད་ཉུང་བ་དང་ཕག་ཤ་མཁོ་སྤྲོད་བྱེད་ཚད་ཉུང་བས་ཕག་ཤའི་རིན་གོང་འཕར་ཚད་ཅུང་མཐོ་ཙམ་ཡོད། “སྲིད་གཞུང་གིས་གོང་ཁེའི་ཕག་ཤའི་སྲིད་ཇུས་བཏོན་པ་དེས་མི་སེར་རྣམས་ཀྱི་ཁུར་པོ་ཡང་དུ་གང་ཙམ་ཕྱིན་ཡོད”ཅེས་ཧུའེ་ཁོ་ཅཱ་ཞའོ་ཆའོ་ཚོང་ཁང་གི་རིན་གོང་ཁེ་བའི་ཕག་ཤ་ཉོ་ཚོང་འགན་ཁུར་བ་ཅང་ལེ་ཡིས་བརྗོད།
     ཉེ་ཆར། གསར་འགོད་པ་ཕག་ཤ་ཕྱིར་ཚོང་ས་ཚིགས་མང་པོ་ཞིག་ཏུ་བཅའ་འདྲིར་བསྐྱོད་སྐབས་རིན་གོང་ཁེ་བའི་ཤ་དང་ཤ་དཀྱུས་མའི་རིན་གོང་གཉིས་ཀ་ཆག་ཡོད་པ་ཤེས་རྟོགས་བྱུང་། རིན་གོང་ཁེ་བའི་ཤ་ཉིན་རེའི་རིན་གོང་དང་བསྟུན་ནས་ཕྱིར་ཚོང་དང་སྟབས་བསྟུན་ལེགས་སྒྲིག་བྱེད་ཐབས་སྤྱད་ནས་ཉེ་ཆར་རྒྱ་མ་རེའི་རིན་གོང་སྒོར་ཉི་ཤུ་རྩ་གཉིས་རྩ་གསུམ་བར་ལེགས་སྒྲིག་བྱས་པ་རེད།
     མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གཞུང་ཕྱོགས་དྲ་བའི་གྲངས་གཞི་ལས་མངོན་གསལ། གཟའ་འཁོར་4ཡི་རིང་ཕག་ཤའི་སྡེབ་ཚོང་རིན་གོང་བསྟུད་མར་ཆག་པ་དང་། སིལ་ཚོང་རིན་གོང་བསྟུད་མར་གཟའ་འཁོར་3རིང་ཆག་པ་རེད། གཟའ་འཁོར་གཅིག་གི་གྲངས་གཞི་གསར་ཤོས་ལས་མངོན་གསལ། ཕག་ཤའི་སྡེབ་ཚོང་རིན་གོང་། རྒྱ་མ་གང་ལ་སྒོར་20ཡིན་པ་དེ་གཟའ་འཁོར་གོང་མ་དང་བསྡུར་ན་9.09%ཆག་པ་དང་། སིལ་ཚོང་རིན་གོང་རྒྱ་མ་གང་ལ་སྒོར་28.54ཡིན་པ་དེ་གཟའ་འཁོར་གོང་མ་དང་བསྡུར་ན་4.36%ཆག་པ་རེད།
     “ཕག་ཤའི་རིན་གོང་ཆག་པའི་རྒྱུ་རྐྱེན་ནི་ཕྱོགས་གཅིག་ནས་ཁྲོམ་རའི་རིན་གོང་གིས་སྐུལ་ཁྲིད་བྱས་པའི་རྒྱུ་རྐྱེན་དང་ཕྱོགས་གཞན་ཞིག་ནས་ས་གནས་སྲིད་གཞུང་གིས་མཐོང་ཆེན་ཆེན་པོ་བྱས་ཏེ་ཞིབ་ཕྲའི་བྱེད་ཐབས་བཏོན་པས་རེད”ཅེས་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ཕྱུགས་ལས་ཁྲུའུ་ཡི་བརྟག་ཞིབ་པ་ཝང་ཧུའེ་ལིན་གྱིས་བརྗོད།
     ཉིན་ཤས་གོང་དུ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས《ཕག་ཤ་ཐོན་སྐྱེད་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་ནས་དེང་རབས་ཅན་གྱི་ཕག་པ་ཐོན་སྐྱེད་མ་ལག་དང་། ཞིང་ཆེན་དེ་རང་ནས་རང་མཁོ་རང་སྤྲོད་གཙོ་བོ་དང་ཞིང་ཆེན་ཕྱི་ནས་སྙོམས་སྒྲིག་ཁ་གསབ་འོས་འཚམ་བྱེད་པའི་ཕག་ཤ་མཁོ་སྤྲོད་མ་ལག་བཙུགས་ཏེ། ཞིང་ཆེན་ཡོངས་སུ་ཕག་པ་རང་མཁོ་རང་སྤྲོད་ཐུབ་ཚད་སླར་གསོ་དང་སྦྲགས་70%ཡས་མས་སུ་བརྟན་པོར་གནས་པ་བྱེད་དགོས་པ་བཏོན་ཡོད།
     2019ལོར། མཚོ་སྔོན་ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་ཟི་ལིང་གི་ཕག་ཤ་མཁོ་འདོན་ཚོང་པ་གཙོ་བོ་ཤིན་ཤིང་ཡོན་བཟའ་བཅའ་ཚད་ཡོད་ཀུང་སིར་འཁོར་རྒྱུག་མ་དངུལ་སྒོར་ཁྲི་3000ཡི་དངུལ་བུན་བཏང་བ་དང་། སྔོན་རྩིས་བྱས་ན་འདི་ལོར་ད་དུང་སྒོར་ཁྲི་2800མུ་མཐུད་དངུལ་བུན་གཏོང་རྒྱུ་རེད། མ་དངུལ་འདི་དག་བཏང་བ་ལས་ཁེ་ལས་ཀྱི་རྒྱུན་གཏན་འཁོར་རྒྱུག་རྒྱུན་འཁྱོངས་ཐུབ་སྟེ་ཁྲོམ་རའི་དགོས་མཁོ་བསྐང་རྒྱུར་ཕན་པ་ཐོན་རྒྱུ་རེད།