མི་དམངས་དྲ་བ།

༄༅༎རྒྱལ་ཡོངས་སྲིད་གྲོས་མི་རིགས་ཆོས་ལུགས་ཨུ་ལྷན་གྱིས་ཆོས་ལུགས་ལས་རིགས་ཀྱི་བརྗོད་དོན་གཙོ་བོ་
གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་28ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་དུ་ཆོས་ལུགས་ལས་རིགས་ཀྱི་བརྗོད་དོན་གཙོ་བོ་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། “སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་ཆོས་ལུགས་ཁག་གིས་བསྟན་དོན་དང་འདུལ་ཁྲིམས་ལ་དུས་རབས་ཡར་རྒྱས་ཀྱི་བླང་བྱ་དང་མཐུན་པའི་འཆད་འགྲེལ་རྒྱག་རྒྱུར་ཁྲིད་སྟོན་བྱེད་དགོས”པར་དམིགས་ནས་བཞུགས་མོལ་སྤེལ་རེས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས། ཆོས་ལུགས་ཀྱི་བསྟན་དོན་དང་འདུལ་ཁྲིམས་ལ་འཆད་འགྲེལ་རྒྱག་རྒྱུ་ནི་ཁ་ཕྱོགས་དང་རྩ་བ་སྟངས་འཛིན་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་རེད་ལ། ཆོས་ལུགས་ཁག་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་བྱེད་པའི་ནང་གནས་བླང་བྱ་ཞིག་ཀྱང་རེད། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། རྒྱུན་འཛིན་དང་གསར་གཏོད་གཉིས་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ། ཞིབ་འཇུག་དང་བེད་སྤྱོད་གཉིས་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ། ཆོས་ལུགས་ལས་རིགས་ཀྱི་བྱེད་པོའི་ནུས་པ་དང་ཕྱོགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་གཉིས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། བསྟན་དོན་དང་འདུལ་ཁྲིམས་ལ་འཆད་འགྲེལ་གྱི་ལས་དོན་ཆེན་པོ་དེ་ལེགས་པར་སྒྲུབ་པ། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པའི་ཆོས་ལུགས་བསམ་བློའི་མ་ལག་ཅིག་རིམ་བཞིན་ཆགས་པ་བཅས་བྱས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་བྱེད་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
     ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། གཞི་རིམ་གྱི་ཆོས་ལུགས་མི་སྣ་བཅས་མི་16གིས་བསྟན་དོན་དང་འདུལ་ཁྲིམས་ལ་འཆད་འགྲེལ་རྒྱག་རྒྱུར་དམིགས་ཏེ། ཉམས་མྱོང་དང་མྱོང་ཚོར་གླེང་བ་མ་ཟད། ལས་དོན་ཐད་གྲོས་འགོ་ཡང་བཏོན་ཞིང་། ཁོང་ཚོས་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག སྤྱི་ཚོགས་འཕེལ་རྒྱས་དང་དུས་རབས་ཡར་རྒྱས་ཀྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། ཆོས་ལུགས་ཀྱི་བསྟན་དོན་དང་འདུལ་ཁྲིམས་ལ་འཆད་འགྲེལ་གསར་པ་རྒྱག་རྒྱུ་ནི་ཆོས་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ལོ་རྒྱུས་ཀྱི་གདམ་ག་ཞིག་དང་ཆོས་ལུགས་ལས་རིགས་ཀྱིས་རང་ཉིད་ཀྱི་དད་མོས་ལ་འགན་ཁུར་བའི་མཚོན་ཚུལ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ཆོས་ལུགས་ལས་རིགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཧུར་ཐག་བསྟར་ཞིང་། བསྟན་དོན་དང་འདུལ་ཁྲིམས་ལ་འཆད་འགྲེལ་བྱེད་པའི་ཐད་ཕན་འབྲས་ལྡན་པའི་འཚོལ་ཞིབ་འབོར་ཆེན་བྱས་པར་གྲུབ་འབྲས་ཡག་པོ་ཐོབ་པ་དང་ཆབས་ཅིག གྲུབ་འབྲས་ཐར་ཐོར་ཡིན་པ་དང་། འཆད་འགྲེལ་གཏིང་ཟབ་པོ་དང་བརྒྱུད་རིམ་ལྡན་པ་ཞིག་བྱུང་མེད་པ། ཡོན་ཚད་མཐོ་བའི་ཆོས་ལུགས་ཤེས་ལྡན་པ་དཀོན་པ་སོགས་ཀྱི་གནད་དོན་ཡང་ལྷག་པར་ང་ཚོས་མཐོང་ཆེན་པོ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
     ཚང་མས། བསྟན་དོན་དང་འདུལ་ཁྲིམས་ལ་འཆད་འགྲེལ་རྒྱག་རྒྱུ་ནི་རྙོག་འཛིང་ཆེ་ལ་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས་རྣམ་འགྱུར་བརྟན་པོ་ཡོད་དགོས་པ་དང་། ལས་དོན་ཧུར་ཐག་སྤེལ་དགོས་པ་མ་ཟད། ད་དུང་ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱང་བྱེད་དགོས། ཆོས་ལུགས་ལས་རིགས་དང་རིག་གཞུང་ལས་རིགས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ། ཆོས་ལུགས་ཁག་གི་བསམ་བློར་བརྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་བྱེད་པ་དང་ཆབས་ཅིག གསུང་རབ་དང་བསྟན་དོན་ལ་དུས་བབ་དང་བསྟུན་པ་དང་དབང་གྲགས་ལྡན་ལ་གནད་ལ་འཁེལ་པོས་འཆད་འགྲེལ་བརྒྱབ་ནས། ཐལ་ཆ་ཆེ་བ་དང་ལྟ་བ་ལོག་པའི་བསམ་བློའི་བསླད་སྐྱོན་འགོག་ཐབས་ནུས་ལྡན་བྱེད་དགོས། ཆོས་ལུགས་སློབ་གླིང་དང་སློབ་གྲྭ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། བྱང་ཚད་མཐོ་བའི་ཆོས་ལུགས་ཤེས་ལྡན་མི་སྣ་སྔར་བས་མང་བ་གསོ་སྐྱོང་བྱས་ནས་བསྟན་དོན་དང་འདུལ་ཁྲིམས་ལ་འཆད་འགྲེལ་རྒྱག་པའི་ཁྲོད་ཀྱི་ཁོང་ཚོའི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་བསྟན་དོན་དང་འདུལ་ཁྲིམས་ལ་འཆད་འགྲེལ་རྒྱག་པའི་ལས་དོན་ལ་རྒྱབ་སྐྱོར་དང་། ཞབས་ཞུ། འགན་ལེན་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཀྱི་འདུག་ཅེས་བཤད་པ་རེད།

  
style="display:none;"