འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་27ཉིན།

༄༅༎བོད་ལྗོངས་ཉིང་ཁྲིས་ཀོང་པོའི་ལོ་གསར་གྱི་གནམ་གང་དགོང་མོ་བསུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་27ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ལོ་གསར་གྱི་མཁོ་ཆས་ཉོ་བ།
ལོ་གསར་གྱི་མཁོ་ཆས་ཉོ་བ།
    མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་26ཉིན་ཏེ་བོད་ཟླ་དགུ་པའི་ཚེས་སུམ་ཅུ་ཉིན་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་། སྨིན་གླིང་རྫོང་། ཀོང་པོ་རྒྱ་མདའ་རྫོང་སོགས་ཀོང་པོའི་ས་ཁུལ་གྱིས་རྙིང་སྐྱེལ་གསར་བསུ་བྱས་ནས་ལོ་གསར་ཉིན་མོ་བསུས་པ་རེད། བོད་ཟླ་དགུ་པའི་ཚེས་ཉེར་དགུ་ནས་བོད་ཟླ་བཅུ་པའི་ཚེས་བདུན་ཉིན་བར་ཀོང་པོའི་ས་ཁུལ་དུ་བོད་ལྗོངས་ཀྱི་ལོ་གསར་སྔ་ཤོས་ཏེ་ཀོང་པོའི་ལོ་གསར་གཏོང་གི་ཡོད་པ་རེད།
    ཉིན་དེར་ཉིང་ཁྲིའི་མི་སེར་མི་ཉུང་བ་ཞིག་གིས་ལོ་གསར་གྱི་མཁོ་ཆས་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་ལོ་གསར་གྱི་མཁོ་ཆས་ཁྲོམ་རར་ཉོ་མཁན་མང་པོ་ཡོད་ལ། ཚང་མས་ལོ་གསར་གཏོང་བར་མཁོ་བའི་ཚགས་ཤ་དང་། མར། ཕྱུར་བ་སོགས་དངོས་ཟོག་སྣ་ཚོགས་ཉོ་གི་ཡོད།
    དགོང་མོར། ཉིང་ཁྲི་གྲོང་ཁྱེར་སྨིན་གླིང་རྫོང་གི་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་ཟུར་གསུམ་གྲོང་ཚོའི་གྲོང་མི་ཚོས་གོམས་སྲོལ་ལྟར་ཁྱིམ་མི་མཉམ་འཛོམས་བྱས་ནས་དགུ་ཐུག་འཐུང་བ་དང་། བོད་ཕག་བསྲེགས་པ་།  ལྕེ་ལྡག་བཟའ་བ་བཅས་བྱས་རྗེས་མེ་ཕུང་སྤར་ནས་མཚན་གང་ཆང་འཐུང་བྲོ་འཁྲབ་བྱས་ཏེ་ལོ་གསར་བསུ་ཡི་ཡོད་པ་རེད།
     ཀོང་པོའི་ལོ་གསར་རིང་ད་དུང་ཕུན་སུམ་ཚོགས་པའི་རིག་གནས་རོལ་རྩེད་བྱེད་སྒོ་ཡོད། དཔེར་ན་ཁྱི་གསོལ་སྟོན་ལ་དྲངས་བ་དང་། “ལོ་ལེགས་ལྷ་མོར”མཆོད་འབུལ་བྱེད་པ། རྟ་ཞོན་ནས་མདའ་འཕེན་པ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད།
     བོད་ལྗོངས་སུ་རང་བྱུང་ཁོར་ཡུག་དང་ཡུལ་སྲོལ་གོམས་གཤིས་མི་འདྲ་བའི་རྐྱེན་གྱིས་ས་གནས་ཁག་གིས་ལོ་གསར་ལ་རྟེན་འབྲེལ་ཞུ་སྟངས་མི་འདྲ་ཞིང་། ཀོང་པོའི་ལོ་གསར་ནི་ལོ་གཅིག་ནང་ཤར་སྔ་ཤོས་ཀྱི་ལོ་གསར་དེ་ཡིན་པ་དང་། དེ་རྗེས་ད་དུང་གཞིས་རྩེར་གཏོང་བའི་སོ་ནམ་ལོ་གསར་དང་མངའ་རིས་ཀྱི་སྤུ་ཧྲེང་ལོ་གསར་ཡོད། བོད་ཀྱི་ལོ་གསར་ནི་བོད་ལྗོངས་ཡོངས་ཀྱིས་གཏོང་བའི་ལོ་གསར་ཞིག་རེད།
【1】  【2】  【3】  【4】
༄༅༎བོད་ལྗོངས་ཉིང་ཁྲིས་ཀོང་པོའི་ལོ་གསར་གྱི་གནམ་གང་དགོང་མོ་བསུས་པ།