འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་26ཉིན།

༄༅༎ཀན་སུའུ་ཝུའུ་ཝེའེ་རུ་མཐོང་དཀོན་པའི་འ་ཞ་རྒྱལ་རིགས་ཀྱི་བང་སོ་གསར་རྙེད་བྱུང་ལ། དུར་བྱང་ཐོག་ཏུ
“ཏ་ཁོ་ཧན་གྱི་བང་སོ”ཞེས་ཐོག་མར་བཀོད་ཡོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་26ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་24ཉིན་གསར་འགོད་པས་ཀན་སུའུ་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀན་སུའུ་ཝུའུ་ཝུའེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་ཁོངས་སུ་ཟླ་9པའི་ཟླ་མཇུག་ཏུ་བང་སོ་1རྙེད་པ་དང་། དེ་རྗེས་ཞིབ་འཇུག་ཁང་དེས་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་བྱས་པ་བརྒྱུད། བང་སོ་དེ་ནི་ཝུའུ་ཀྲོའུ་དུས་སྐབས་ཀྱི་འ་ཞ་རྒྱལ་རིགས་ཀྱི་ཁོངས་མི་ཞི་ཝང་མུའུ་རུང་ཀྲིའི་བང་སོ་ཡིན་པ་གཏན་འཁེལ་བྱས་པ་རེད། བང་སོ་དེ་ཤེས་རྟོགས་བྱུང་བ་དེས་འ་ཞའི་དུས་མཇུག་གི་རྒྱལ་པོའི་གདུང་རྒྱུད་མ་ལག་འཐུས་ཚང་དུ་བཏང་བ་དང་དེ་བཞིན་འབྲེལ་ཡོད་ལོ་རྒྱུས་གནད་དོན་ཐད་ཁ་གསབ་ཀྱི་ནུས་པ་གལ་ཆེན་ཐོན་གྱི་ཡོད། 
     བང་སོ་དེ་ནི་དཔའ་རིས་རྫོང་སྲབ་མདའ་བརྒྱད་གྲོང་རྡལ་མཆན་རྒན་གྲོང་ཚོའི་བྱང་ངོས་ཀྱི་རི་རྩེར་གནས་པ་དང་། དེ་ནི་ཤར་དང་། ནུབ་དང་ལྷོ་བཅས་རི་བོ་གསུམ་གྱིས་བསྐོར་བའི་རི་སྒང་ཆུང་ཆུང་ཞིག་ཏུ་གནས་ལ། ཤར་ནས་ཝུའུ་ཝུའེ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་35ཡོད་པ་རེད། བང་སོ་གནས་ཡུལ་ནི་མདོ་ལ་རི་བོའི་བྱང་ངོས་སུ་གཏོགས་ཤིང་། དེ་ནི་ཅུང་ཁོད་སྙོམས་པའི་རི་ཁྲོད་གཤོང་ས་དང་གཞུང་རོང་ཟུང་འབྲེལ་གྱི་ས་ངོ་ཡིན། 
     བང་སོ་ནི་ཁང་རྐྱང་སོ་ཕག་གི་བང་སོ་ཡིན་པ་དང་། དེ་ནི་ས་དེའུ་དང་། དུར་ལམ། གྱང་སྒྲོམ། སྒོ་ཐེལ། རྩིག་སྐྱོར། རྡོ་ལམ། དུར་ཁང་སོགས་ཀྱིས་གྲུབ། རྡོ་ལམ་དང་དུར་ཁང་ནང་ཚོན་རིས་རྫ་དཀར་དང་། བཀྲག་རྩི་ཤིང་། རྡོ། ཟངས། ལྕགས། གསེར་དངུལ་ཡོ་བྱད། ཀོ་བཟོས་རིགས་དང་དར་དང་སོ་མའི་བཏགས་རྫས་སོགས་ཁྱོན་220ལྷག་ཙམ་དུར་འཇུག་བྱས་ཡོད་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བང་སོ་སྔོག་འདོན་ལས་དོན་སྔར་བཞིན་སྤེལ་བཞིན་ཡོད་པ་དང་། པུར་སྒམ་ཚང་མ་ཐུམ་བརྒྱབ་ནས་ཚོད་ལྟ་ཁང་དུ་གཙང་བཤེར་བྱ་རྒྱུ་ཡིན་པ་དང་པུར་སྒམ་ནང་གི་གནས་ཚུལ་ད་དུང་གསལ་པོ་ཤེས་མེད་པ་རེད།  
     བང་སོ་ནས་ཐོན་པའི་དུར་བྱང་ཞིག་གི་ཐོག་ཏུ“ཏ་ཀྲོའུ་ཡི་སྔ་རབས་མུའུ་རུང་ཧྥུ་ཚང་གི་བང་སོའི་དུར་བྱང”ཞེས་བརྐོས་ཡོད། དུར་བྱང་གི་ནང་དོན་ལས་མངོན་པ་ལྟར་ན། བདག་པོ་ནི“ཏ་ཀྲོའུ་ཡུན་ཧའེ་དམག་དཔོན་ཙའོ་ཡུས་ཆན་ཝུའེ་དམག་དཔོན་ཆེན་མོ་ཕྱི་བཀོད་ཞི་ཝང”མུའུ་རུང་ཀྲི་ཡིན་པ་དང་། ནད་ཀྱིས་རྐྱེན་པས“གནམ་བསྩལ་ལོ་གཉིས་པའི་ཟླ་གསུམ་ཚེས་གཉིས་ཉིན་ལ་འདས་པ”དང་། འདས་དུས་དགུང་ལོ་42ཡིན་པ་རེད། དུར་བྱང་ཐོག་ཏུ་མུའུ་རུང་ཀྲི་ནི་པོ་ཆིན་ཏུའུ་ཁོ་ཧན་ཡིན་པ་དང་། མཚོ་སྔོན་གྱི་རྒྱལ་པོ་མུའུ་རུང་ནོ་ཧབ་པོའི་བུ་གསུམ་པ་ཡིན་པ་རེད། 
     དུར་བྱང་ཆ་འཕྲིན་ལས་མངོན་པ་ལྟར་ན། མུའུ་རུང་ཀྲི་ཚེ་ལས་འདས་རྗེས་གུས་སྲོལ་གཞིར་བཟུང་། “ལོ་དེའི་ཟླ་དགུ་ཚེས་ལྔ་ཉིན་ཏ་ཁོ་ཧན་བང་སོར་སྤོས་ནས་དུར་འཇུག་བྱས་པ”དང“ཏ་ཁོ་ཧན་གྱི་བང་སོ”ཞེས་པ་ཐེངས་དང་པོ་ཐོན་པ་ཡིན་ལ། དེ་ཐོག་ནས་ཉེ་འཁོར་དུ་ད་དུང“ཏ་ཁོ་ཧན་གྱི་བང་སོ”ཡོད་པ་མཚོན་ཡོད་མེད་ནི་མཐོང་ཆེན་བྱེད་དགོས་པ་ཞིག་རེད། ཀན་སུའུ་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བང་སོ་སྔོག་འདོན་བྱེད་རིང་ཞིབ་འཇུག་ཁང་དེས་ཐོག་མའི་བརྟག་དཔྱད་བྱས་པ་དང་། ས་ཁོངས་དེ“ཏ་ཁོ་ཧན་གྱི་བང་སོ་ཁུལ”ཡིན་མིན་ད་དུང་གོམ་གང་མདུན་སྤོས་ཀྱིས་འབྲེལ་ཡོད་ལས་དོན་སྤེལ་ནས་གཏན་འཁེལ་བྱེད་དགོས་ཀྱི་ཡོད་པ་རེད། 
     དེ་དང་ཆབས་ཅིག་བང་སོ་དེའི་བྱང་ཤར་དང་བར་ཐག་སྤྱི་ལེ་15ཙམ་ཡོད་པའི་ཝུའུ་ཝུའེ་གྲོང་ཁྱེར་ནན་ཆིང་ཙོའེ་དབན་དང་བླ་མ་དབན་རྒྱུད་དུ་དུས་རབས་ཉི་ཤུ་པའི་ལོ་རབས་བཞི་བཅུ་པ་དང་ལོ་རབས་བརྒྱད་ཅུ་པར་ཐང་ཆེན་པོའི་ཅིན་ཁྲེང་རྫོང་གི་བདག་པོ་དང་། མུའུ་རུང་ཤིས་ཀོང་། ཐང་ཧུང་ཧྭ་ཀོང་ཇོ། མཚོ་སྔོན་གྱི་རྒྱལ་པོ་མུའུ་རུང་ཀྲུང་། ཐང་ཝུའུ་ཧྲིའི་དུར་བྱང་། ཐང་ལི་ཧྲེན་གྱི་བང་སོ་སོགས་ཐང་གི་དུས་འགོ་དང་དུས་དཀྱིལ་གྱི་འ་ཞ་རྒྱལ་རིགས་ཀྱི་བང་སོ་9སྔོག་འདོན་བྱས་པ་རེད། 
     ཀན་སུའུ་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་མིག་སྔར་སྔོག་འདོན་བྱས་པར་གཞིགས་ན། དེ་ནི་ཝུའུ་ཝུའེ་ས་ཁུལ་དུ་ཤེས་རྟོགས་དང་སྔོག་འདོན་བྱེད་པའི་དུས་རབས་སྔ་ཤོས་དང་ཉར་ཚགས་ཆ་ཚང་ཤོས་ཀྱི་འ་ཞ་རྒྱལ་རིགས་ཀྱི་བང་སོ་ཡིན་པས། རྒྱལ་ནང་དུའང་མཐོང་དཀོན་པ་ཞིག་ཡིན་ཞིང་། དེ་ནི་འ་ཞ་བང་སོ་གནའ་རྫས་རྟོག་ཞིབ་ཞིབ་འཇུག་གི་གསར་རྙེད་གལ་ཆེན་ཞིག་རེད། བང་སོ་དེ་སྔོག་འདོན་བྱས་པར་དུས་མཇུག་གི་འ་ཞའི་དུར་འཇུག་གོམས་སྲོལ་དང་དེ་བཞིན་ཐང་དང་འ་ཞ་མི་རིགས་ཀྱི་འབྲེལ་བའི་ལོ་རྒྱུས་དང་། དར་གོས་ལམ་བུའི་འགྲིམ་འགྲུལ་ལོ་རྒྱུས། དངོས་པོ་དང་རིག་གནས་ལོ་རྒྱུས་སོགས་འབྲེལ་ཡོད་གནད་དོན་ཞིབ་འཇུག་བྱ་རྒྱུར་ཞིབ་འཇུག་གི་རིན་ཐང་གལ་ཆེན་ལྡན་ཡོད་པ་རེད། 
     འ་ཞ(སྤྱི་ལོ་313ལོ་ནས་སྤྱི་ལོ663ལོའི་བར)། ཀྲུང་གོའི་གནའ་རབས་ནུབ་བྱང་གི་མི་རིགས་དང་དེས་བཙུགས་པའི་རྒྱལ་ཁབ་ཀྱི་མིང་ཡིན། མ་གཞི་ལིའོ་ཏུང་ཞན་པའེ་མུའུ་རུང་པུའུ་ཡི་ཡན་ལག་ཅིག་ཡིན་ཞིང་། བོད་རིགས་མི་དམངས་ཀྱིས་ཨ་ཞ་ཞེས་འབོད་ཀྱི་ཡོད། དེ་ནི་ཅིན་རྒྱལ་རབས་ནུབ་མ་ནས་ཐང་རྒྱལ་རབས་དུས་ཀྱི་མདོ་ལ་རི་རྒྱུད་དང་རྨ་ཆུའི་སྟོད་རྒྱུད་ཀྱི་གྲོག་རོང་དུ་གནས་པའི་གནའ་བོའི་རྒྱལ་ཁབ་ཅིག་ཡིན།