འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་26ཉིན།

༄༅༎“འཛམ་གླིང་ཡང་རྩེའི”གསང་བ་འཚོལ་ཞིབ་ཀྱི་ཇོ་མོ་གླང་མའི་ཚན་རིག་ཞིབ་འཇུག་འཆར་གཞི་ཁྲེང་ཏུའུ་རུ་
ལག་ལེན་བསྟར་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་26ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་11ཚེས་24ཉིན་གློག་འཕྲིན་འབྱོར་གསལ། མཚོ་བོད་ས་མཐོའི་ས་གཤིས་གནོད་འཚེའི་ཡུལ་དུས་ཀྱི་ཁྱབ་ཚུལ་དང་། འགུལ་སྐྱོད་གྲུབ་ཚུལ། གནམ་གཤིས་ཀྱི་འགྱུར་ལྡོག་བཅས་ལ་དོ་མཉམ་གྱི་འབྲེལ་བ་དང་ཕན་ཚུན་དབར་འབྲེལ་བ་གང་ཞིག་ཡོད་མེད་དང་། ས་བབ་མཐོ་བའི་ས་ཁུལ་གྱི་ཚུགས་གནས་མཐོ་བའི་ས་གཤིས་ཀྱི་གནོད་འཚེའི་མི་མངོན་པའི་རྐྱེན་ངན་ཇི་ལྟར་བྱས་ནས་དུས་འགོར་དབྱེ་འབྱེད་བྱེད་པ་དང་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་ཇི་ལྟར་གཏོང་དགོས་མིན་སོགས“འཛམ་གླིང་ཡང་རྩེའི”གསང་བ་དེ་དག་བརྟོལ་ཆེད། ཀྲུང་གོའི་ཚན་རིག་མཁས་ཅན་ཚོས་ཇོ་མོ་གླང་མའི་ཚན་རིག་ཞིབ་འཇུག་འཆར་གཞི་ལག་ལེན་བསྟར་རྒྱུའི་གཏན་འཁེལ་བྱས་པ་རེད།
     འདི་ནི་གསར་འགོད་པར་ཚེས་24ཉིན་ཁྲེང་ཏུའུ་རུ་གཉེར་བའི་ཇོ་མོ་གླང་མའི་ཚན་རིག་ཞིབ་འཇུག་འཆར་གཞི་ལག་ལེན་བསྟར་འགོ་ཚུགས་པའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད། མཚོ་བོད་ས་མཐོ་ནི་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ས་མཐོ་ཡིན་པས“འཛམ་གླིང་ཡང་རྩེ”དང“སའི་གོ་ལའི་སྣེ་གསུམ་པ”ཞེས་སུ་འབོད་ཀྱི་ཡོད། མཚོ་བོད་ས་མཐོ་དང་དེའི་ཉེ་འཁོར་ནི་མིག་སྔར་གོ་ལ་ཡོངས་ཀྱིས་སའི་གོ་ལའི་མ་ལག་ཚན་རིག་གི་ཞིབ་འཇུག་བྱ་ཡུལ་གཙོ་བོ་ཞིག་ཡིན་ལ། སའི་གོ་ལའི་ཚན་རིག་གི་རིགས་པའི་གཞུང་ལུགས་གལ་ཆེན་འཕེལ་རྒྱས་དང་གསར་གཏོད་ཡོང་སྲིད་པའི་ས་ཆ་ཁྱད་དུ་འཕགས་པ་ཞིག་ཀྱང་རེད།
     ཁྲེང་ཏུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཞུས་ཆང་གིས་ངོ་སྤྲོད་བྱས་དོན། མཚོ་བོད་ས་མཐོ་དང་དེའི་ཉེ་འཁོར་ནི་རང་རྒྱལ་གྱི་སྣོད་བཅུད་སྲུང་ཡོལ་དང་འཐབ་ཇུས་ཐོན་ཁུངས་གྲབས་གསོག་བྱ་ཡུལ་གལ་ཆེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་ཡང་ཡིན། ད་རེས་ཀྱི་ཞིབ་འཇུག་འཆར་གཞི་ལག་ལེན་བསྟར་བ་དེས་སའི་གོ་ལའི་མ་ལག་ཚན་རིག་ཞིབ་འཇུག་བྱེད་སྟངས་གསར་པ་གྲུབ་ནས་མཚོ་བོད་ས་མཐོའི་ས་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་འདེཌ་སྐྱོར་དང་། ས་གཤིས་ཀྱི་གནོད་འཚེ་དང་སྣོད་བཅུད་ཁོར་ཡུག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་མ་ལག་ཆགས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོ་དང་ལས་གྲྭ་གལ་ཆེན་འཛུགས་སྐྲུན་ལ་ཞབས་འདེཌ་ཞུ་ཐུབ་རེ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ནས་2030ལོ་བར་ཇོ་མོ་གླང་མའི་ཚན་རིག་ཞིབ་འཇུག་འཆར་གཞི་དུས་མཚམས་གསུམ་ལ་དབྱེ་ནས་རིམ་པས་ལག་ལེན་བསྟར་རྒྱུ་ཡིན་པ་དང་། ལོ་ལྟར་སྒོར་ཁྲི་1000ལས་མི་ཉུང་བ་ཁྲིད་སྟོན་འགྲོ་སོང་ལ་བརྩིས་ནས་འཆར་གཞི་དེར་གཏོང་རྒྱུ་རེད། ལོ་10ནས་15བར་རྒྱུན་མཐུད་འཚོལ་ཞིབ་དང་འགག་སྒྲོལ་ཞིབ་འཇུག་བྱས་ཏེ་ས་གཞི་དང་ས་ཁམས་རིག་པའི་རྨང་གཞིའི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་ཐད་རིག་གཞུང་གི་གྲུབ་འབྲས་གལ་ཆེན་ཁག་གཅིག་ཐོན་པ་དང་། སྤྱོད་གོ་ཆོད་ཅིང་ནུས་པ་ལྡན་པའི་སྔོན་ཐོན་ལག་རྩལ་དང་བྱ་ཐབས་ཀྱི་མ་ལག་ཆ་ཚང་ཞིག་གྲུབ་པ་སོགས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བའི་བརྩོན་ལེན་བྱ་རྒྱུ་རེད།