འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་26ཉིན།

༄༅༎གངས་ལྗོངས་བོད་ཇ་ས་མཐོ་ནས་ཕྱིར་ཚོང་བྱས་པ།

—— དྲ་ཐོག་ཚོང་དོན་ལ་བརྟེན་ནས་བོད་རིགས་ས་ཁུལ་ལ་དབུལ་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་26ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་24ཉིན་གློག་འཕྲིན་འབྱོར་གསལ། “བཅུ་གཅིག་ཟུང”གི་ཟོག་ཉོའི་དུས་ཆེན་བཏང་ཚར་མ་ཐག་ཨ་ལི་པཱ་པཱའི་དྲ་ཐོག་ཚོང་གཉེར་རིགས་གཅིག་མཁས་པ་ལི་ཞང་དང་བཅས་པས་བྲེལ་བ་འཚུབ་འཚུབ་ངང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་པད་མ་རྫོང་དུ་ཡོང་ནས་པད་མའི་གངས་ལྗོངས་བོད་ཇ་ཕྱིར་ཚོང་བྱ་ཕྱིར་ཐབས་དང་ཇུས་བཏོན་པ་རེད།
     མགོ་ལོག་གི་སྔོ་ལྗང་མཛེས་ལྗོངས་ཁུལ་ཞེས་གྲགས་པའི་པད་མ་རྫོང་དུ“རྩམ་པ་ཉིན་གསུམ་ཆད་ཀྱང་ཆོག ཇ་ཉིན་གཅིག་ཆད་ན་འགྲིག་ཐབས་མེད”ཅེས་པའི་བརྗོད་སྲོལ་ཡོད། ས་གནས་དེ་གའི་མང་ཚོགས་ཀྱིས་རྣམ་ཀུན་དགའ་པོ་བྱེད་པའི་གངས་ལྗོངས་བོད་ཇ་ནི་ཧྭ་ཡེ་མངར་འབྲས་མེ་ཏོག་དང་པེན་ཡེ་མངར་འབྲས་མེ་ཏོག་གི་ལོ་མ་ལས་སྣོན་བྱས་ནས་བཟོས་པ་ཞིག་རེད། ཀྲུང་གོར་ཧྭ་ཡེ་མངར་འབྲས་མེ་ཏོག་དང་པེན་ཡེ་མངར་འབྲས་མེ་ཏོག་གཉིས་མཚོ་བོད་ས་མཐོའི་ས་བབ་སྨི་3000ནས་3500བར་གྱི་ས་ཁུལ་དུ་ཁྱབ་ཅིང་། པད་མ་རྫོང་དེ་ཁོངས་སུ་ཡོད།
     དབུལ་སྐྱོར་འགག་སྒྲོལ་གཏིང་ཟབ་བྱེད་པ་དང་ཆབས་ཅིག དྲ་ཐོག་ཚོང་དོན་ལ་བརྟེན་ནས་དབུལ་སྐྱོར་བྱེད་པའི་གོམ་སྟབས་ཀྱང་སྤོ་མགྱོགས་སུ་འགྲོ་གི་ཡོད། ལི་ཞང་སོགས་དྲ་ཐོག་ཚོང་གཉེར་རིགས་གཅིག་མཁས་ཅན་གྱིས་ཇ་རར་རྟོག་ཞིབ་བྱེད་པར་བསྐྱོད་པ་དང་འབྲེལ། ས་གནས་དེ་གའི་ཇ་འདེབས་ཞིང་པའི་ས་ནས་གནས་ཚུལ་ཤེས་རྟོགས་བྱས་ཏེ། པད་མའི་གངས་ལྗོངས་བོད་ཇའི་དྲ་ཐོག་ཚོང་ཁང་གི་འགན་འཁུར་བ་ཁྲེན་ཡན་ཅུན་ལ་ཉར་ཚགས་དང་། ཟོག་འགྲེམས། དྲིལ་བསྒྲགས་སོགས་ཀྱི་ཐད་ལ་གྲོས་འགོ་མང་པོ་བཏོན་ཡོད།
     པད་མ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གསར་འགོད་པར། “གངས་ལྗོངས་བོད་ཇ་ནི་བོད་ཇའི་རིག་གནས་ཀྱི་གྲུབ་ཆ་ཞིག་དང་ང་ཚོའི་འདིར་ཉུང་ཤས་ལས་མེད་པའི་ཁྱད་ལྡན་ཐོན་ལས་ཤིག་ཡིན། ང་ཚོས་གངས་ལྗོངས་བོད་ཇ་འཕེལ་རྒྱས་བཏང་ན་བོད་ཇ་ཞེས་པའི་གནའ་བོའི་འཐུང་ཇའི་རིག་གནས་རྒྱུན་འཛིན་ཐུབ་པ་མ་ཟད། མང་ཚོགས་ཀྱི་སྣེ་ཁྲིད་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡང་བྱེད་ཐུབ”ཅེས་བཤད་བྱུང་།
     2014ལོར་གངས་ལྗོངས་བོད་ཇ་པད་མ་རྫོང་དུ་ཐོན་ལས་ཅན་གྱི་རྣམ་པའི་ཐོག་ནས་འདེབས་འཛུགས་བྱེད་འགོ་ཚུགས་ཤིང་། མི་སེར་གྱིས་ཇ་སྡོང་རེ་བཏབ་པར་སྲིད་གཞུང་ནས་ཁ་གསབ་སྒོར་2སྤྲོད་ཀྱི་ཡོད། 2014ལོ་ནས་2019ལོ་བར་ས་གནས་དེ་གས་གངས་ལྗོངས་བོད་ཇ་ཁྱོན་མུའུ་ཁྲི་1.85བཏབ་པ་དང་མཚོ་སྔོན་གྱི་བོད་ཇ་ལས་སྣོན་གྱི་ཐོན་སྐྱེད་སྒྲུབ་རིམ་ཐོག་མ་དེ་བསྐྲུན་ཡོད།
     འདི་ལོ་ལོ་34ལ་སླེབས་པའི་ཆོས་སྐྱིད་ནི་པད་མ་རྫོང་དྷི་མདའ་ཤང་པཎ་ཆེན་གྲོང་ཚོའི་དུད་ཚང་དབུལ་པོ་ཞིག་རེད། ཟླ་བོ་ཚེ་རིང་ནད་གཞིས་རྐྱེན་པས་ངལ་ནུས་ཤོར་ཞིང་། ཁྱོན་ནང་མི་ལྔ་ཡོད་པའི་ཁྱིམ་ཚང་འདི་ཁོ་མོ་གཅིག་པུར་བརྟེན་དགོས་བྱུང་བས་དཀའ་ངལ་མང་དག་ཅིག་འཕྲད་ཡོད།“2013ལོ་ནས་བཟུང་རྫོང་གིས་སྒྲིག་འཛུགས་བྱས་པ་བརྒྱུད། ང་ཚོས་རི་བོར་ཇ་འཐུ་བར་བསྐྱོད་པ་ཡིན། ངའི་ཁྱིམ་གྱི་འཚོ་བ་ཡང་ཇ་འཐུ་བར་བསྐྱོད་པ་ལས་འགྱུར་ལྡོག་ཆེན་པོ་བྱུང”ཞེས་ཆོས་སྐྱིད་ཀྱིས་བརྗོད།
     པད་མ་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཅ་ཡིས་གསར་འགོད་པར། དབུལ་སྐྱོར་ལ་རྒྱབ་སྐྱོར་སྔར་བས་ལྷག་པ་བྱ་ཆེད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གའི་སྲིད་གཞུང་གིས་ཉེ་འཁོར་གྱི་འབྲོག་པ་མང་ཚོགས་སྒྲིག་འཛུགས་བྱས་ཏེ། གངས་ལྗོངས་བོད་ཇ་འདེབས་འཛུགས་དང་། བདག་སྐྱོང་། འཐུ་བསྡུ་བཅས་བྱས་པ་ལས། འདི་ལོའི་ལོ་སྟོད་ཁོ་ནར་དུད་ཚང་དབུལ་པོ་879ལ་འབབ་འཕར་སྒོར་ཁྲི་246བྱུང་བ་དང་། མི་རེར་ཆ་སྙོམས་ཁེ་སྤོགས་སྒོར་2799བྱུང་ཡོད་ཅེས་བཤད་བྱུང་།
     གངས་ལྗོངས་བོད་ཇའི་སྐད་གྲགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་སྦྲགས། དྲ་ཐོག་ཚོང་ཁང་འཛུགས་རྒྱུ་དེ་ཡང་འཕེལ་ཕྱོགས་ཆེན་པོ་ཞིག་ཏུ་གྱུར་ཞིང་། འདི་ལོའི་ཟླ་6པར“པད་མའི་གངས་ལྗོངས་བོད་ཇའི་གཞུང་ཕྱོགས་ཁེ་ལས་ཚོང་ཁང”ཐའོ་པོ་ཐོག་བཙུགས་པ་ལས་པད་མའི་གངས་ལྗོངས་བོད་ཇ་བྲིན་ཚོང་བྱེད་པའི་ཐབས་ལམ་གསར་པ་ཞིག་བྱུང་བ་རེད།
     “རྗེས་སུ་ང་ཚོས་དུས་བཀག་ལྟར་རྟོག་ཞིབ་བྱེད་པར་ཡོང་གི་ཡིན། དུས་སྐབས་གནད་སྨིན་བྱུང་རྗེས་དྲ་ཐོག་ཚོང་ཁང་ལ་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་རོགས་སྐྱོར་ཧུར་ཐག་བྱས་ཏེ། པད་མའི་གངས་ལྗོངས་བོད་ཇ་ཕྱིར་ཚོང་སྔར་བས་ཡག་པ་ཡོང་བ་བྱ་རྒྱུ་ཡིན”ཞེས་ལི་ཞང་གིས་བཤད།