འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་25ཉིན།

༄༅༎བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡིས་རེ་བའི་ས་བོན་བཏབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་25ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ལོ་65ལ་སླེབས་པའི་ཚེ་རིང་སྒྲོལ་མའི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་དོན་ནི། ཡུན་ནན་ནས་སི་ཁྲོན་བར་གྱི་གཞུང་ལམ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས་སེམས་ཀྱི་ཉི་ཟླ་གྲོང་ཁུལ་བར་དེ་སྔོན་ཆུ་ཚོད་7ཙམ་འགོར་བའི་ལམ་ཐག་ལ་ད་ཆ་ཆུ་ཚོད་3ཙམ་ལས་མི་འགོར་བ་དང་། གྲོང་ཚོར་གློག་འཁྲིད་གྲབས་ཡོད་པ། ཟླ་རེར་རྒན་གསོའི་དངུལ་སྒོར་1000ལྷག་ཙམ་ལེན་རྒྱུ་ཡོད་པ་སོགས་དེ་སྔོན་རྨི་ལམ་དུའང་རྨིས་མ་མྱོང་བའི་བྱ་བ་དག་ད་ཆ་ཁ་ཡོད་ལག་ཡོད་དུ་གྱུར་པས་རེད།
     ཚེ་རིང་སྒྲོལ་མ་སྡོད་སའི་བདེ་ཆེན་ཀྲོའུ་གཏེར་མ་རོང་ཤང་གྲོང་གསར་གསེར་མཚོ་གྲོང་མིའི་ཚོགས་ཆུང་ནི་གློག་འཁྲིད་ཐུབ་མེད་པའི་ཡུན་ནན་ཞིང་ཆེན་གྱི་གྲོང་མིའི་ཚོགས་ཆུང་མཇུག་ཤོས་དེ་རེད།
     “དེ་སྔོན་ལམ་ཡག་པོ་བཟོས་མེད་པའི་སྐབས་སུ་སྤྱི་འཁོར་འབྲིང་གྲས་ཨང་11པར་བསྡད་དེ་སྤྱི་ལེ་14ཟིན་པའི་རི་ལམ་དུ་སྐྱོད་པར་ཉེན་ཁ་ཧ་ཅང་ཆེ་བས་ཚང་མས་སྒེའུ་ཁུང་ཕྱི་རོལ་ལའང་ལྟ་ནུས་ཀྱི་མེད་ལ། ཤང་སྲིད་གཞུང་དུ་དོན་དག་སྒྲུབ་པར་འགྲོ་སྐབས་ཉིན་གང་འགོར་གྱི་ཡོད། ད་ཆ་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་པས་གཞོན་ནུ་ཕྱིར་གླ་པར་བསྐྱོད་པར་སྟབས་བདེ་པོ་ཡོད་ལ་ང་ཚོ་རྒན་རྒོན་ཚོས་ཁྱིམ་དུ་ནས་དང་བྲ་བོ་འདེབས་པ་དང་སྒོ་ཕྱུགས་ཁ་ཤས་གསོས་ནས་འཚོ་བར་རེ་བས་ཁེངས་ཡོད། ཕྱིས་སུ་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་ངེས་རེད”ཅེས་ཚེ་རིང་སྒྲོལ་མས་མྱོང་ཚོར་ཟབ་མོས་བཤད།
     བདེ་ཆེན་ཀྲོའུ་ནི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གྲས་ཤིག་ཡིན་ཞིང་། ཡུན་ནན་ཞིང་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་གཡུལ་ས་གཙོ་བོ་ཡིན་པས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད། རང་བྱུང་ཆ་རྐྱེན་ཞན་པ་དང་། རྨང་གཞིའི་སྒྲིག་བཀོད་ཞན་པ། འགྲོ་ལམ་འགྲིམ་འགྲུལ་སྟབས་མི་བདེ་བ། སྤྱི་པའི་ཞབས་ཞུ་རྗེས་སུ་ལུས་པ་སོགས་ཀྱིས་རྐྱེན་པས་བདེ་ཆེན་ཀྲོའུ་ཡི་དབུལ་སྒྲོལ་འཕེལ་རིམ་ལ་འགོག་རྐྱེན་ཆེན་པོ་བཟོ་ཡི་ཡོད། 2015ལོའི་ལོ་མཇུག་ཏུ། བདེ་ཆེན་ཀྲོའུ་རུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་19630ཡི་མི་73998ཡོད་པ་དང་། དབུལ་པོར་གྱུར་ཚད་24.95%ཟིན་གྱི་ཡོད།
     ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཀྲོའུ་ཨུད་དང་ཀྲོའུ་སྲིད་གཞུང་གིས“སེམས་ཁྲལ་མི་དགོས་པ་གཉིས་དང་འགན་སྲུང་གསུམ”གྱི་དམིགས་ཚད་བླང་བྱར་གཞིགས་ཏེ། “འདུ་འགོད་ཆེན་པོ་དགུ”འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། རྣམ་གྲངས་ལ་མ་དངུལ་གཏོང་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་བཏང་ནས་ཉི་གཞོན་ཐོན་ལས་མང་པོ་ཞིག་གོང་འཕེལ་བཏང་བ་དང་དམངས་འཚོའི་ཞན་ཆ་མང་པོ་ཞིག་བསབས་ཡོད། མིག་སྔར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་བདེ་ཆེན་རྫོང་གཉིས་དབུལ་པོའི་རྫོང་གི་གྲས་ནས་བུད་པ་དང་། འབའ་ལུང་རྫོང་ཉིད་དབུལ་པོའི་གནས་ལས་ནུས་ཤུཌ་ཡོད་རྒུས་སྒྲོལ་བཞིན་ཡོད་པ་རེད།
     རི་བོ་གཤགས་ནས་ལམ་བུ་ཤར་གཏོང་ཐུབ་པས་དབུལ་པོའི་རྣམ་པར་འགྱུར་ལྡོག་བྱུང་བ།
     གྲོང་ཚོ་ཨུ་ལྷན་གྱི་དྲ་རྒྱའི་བརྙན་འཕྲིན་ཡོལ་ཆེན་ཐོག་ཏང་དང་སྲིད་གཞུང་གིས་མི་སེར་གྱི་དཀའ་གནད་སེལ་བ་དང་དྲོ་སྐྱིད་སྦྱིན་པའི་རྣམ་པར་བལྟ་བ་དང་གསལ་འགྲེལ་པའི་གསོན་ཉམས་དོད་པའི་སྐད་ཆར་ཉན་བཞིན་དུ་ལོ་59ལ་སླེབས་པའི་བྱམས་པའི་ངོ་གདོང་ལས་འཛུམ་མདངས་འཕྱུར།
     བྱམས་པ་གནས་སའི་གྲོང་གསར་གྱི་རོང་མངའ་ཚོགས་ཆུང་ནི་བདེ་ཆེན་ཀྲོའུ་གཏེར་མ་རོང་ཤང་གི་བོད་རིགས་གྲོང་སྡེ་ཞིག་ཡིན་ཞིང་། ཡུན་ནན་དང་སི་ཁྲོན་གྱི་མཐའ་མཚམས་སུ་གནས་པ་དང་། རི་བོ་མཐོ་ཞིང་གཡང་གཟར་ལ་གྲོག་རོང་ཟབ་པས། ཆུ་ལོག་དང་འདམ་རྡོའི་ཆུ་རུད་སོགས་རང་བྱུང་གནོད་འཚེ་ཡང་སེ་ཐོན་གྱི་ཡོད།
     རོང་མངའ་གྲོང་ཚོའི་ཚོགས་ཆུང་ནི་གཏེར་མ་རོང་ཤང་གི་མཚོན་ཚུལ་ཞིག་རེད།
     “ང་ཚོའི་ཤང་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཐག་རིང་ཤོས་དང་རང་བྱུང་ཆ་རྐྱེན་ཞན་ཤོས་ཀྱི་ཤང་གྲོང་ཞིག་ཡིན་ལ། འགྲིམ་འགྲུལ་སྟབས་བདེ་མེད་པ་དང་ཆ་འཕྲིན་གསང་པོ་མེད་པ་ནི་ཤང་ཡོངས་འཕེལ་རྒྱས་གཏོང་བའི་འཇུར་མིག་ཆེ་ཤོས་ཡིན” ལོ་མང་པོའི་རིང་། རི་ཚོགས་ཀྱིས་གནས་འདིར་འཚོ་བ་སྐྱེལ་མཁན་མི་རྣམས་སྲུང་སྐྱོང་བྱས་ཡོད་ནའང་གྲོང་མི་དང་ཕྱི་རོལ་འཇིག་རྟེན་གྱི་འབྲེལ་ལམ་གཅོད་མཁན་གྱི་གེགས་རྒྱ་རུ་གྱུར་ཡོད་ཅེས་གཏེར་མ་རོང་ཤང་གི་ཤང་ཀྲང་ཁྲུའུ་ཡུས་ཧྭ་ཡིས་དེ་ལྟར་བཤད།
     ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་བཞིན་ཡུན་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་2009ལོའི་ཟླ་12ཚེས་24ཉིན་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་12.1བཏང་བའི་ཡུན་ནན་དང་སི་ཁྲོན་གྱི་བགྲོད་ལམ་སྟེ་ཡུན་ནན་སེམས་ཀྱི་ཉི་ཟླའི་ཧེན་ཡུང་ནས་སི་ཁྲོན་གྱི་སྡེ་རོང་མའོ་ཝོ་བར་གྱི་ལམ་དུམ་སྐྲུན་འགོ་ཚུགས་ཡོད། ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་ལ་ཨར་སྐྲུན་དཀའ་ཚེགས་ཆེ་བས་སྤྱི་ལེ་58ཟིན་པའི་ལམ་དེ་ལོ་7དང་ཟླ་བ་8འགོར་ཡོད། བགྲོད་ལམ་བཟོས་ནས་འཁོར་རིགས་ཤར་གཏོང་ཐུབ་རྗེས་གཏེར་མ་རོང་ཤང་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བར་སྐྱོད་ཡུན་ཧ་ཅང་ཐུང་དུ་སོང་ནས་ཡུལ་དེ་གའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་བདེ་ཞིང་ཡངས་པའི་ལམ་ཞིག་བསྐྲུན་པ་རེད།
     གཏེར་མ་རོང་ཤང་གི་གྲོང་ཚོ་ཕལ་ཆེ་བ་ཐག་རིང་ལུང་ཁུག་ཏུ་གནས་ཁར་ཆ་འཕྲིན་གསང་པོ་མེད་པར་གཞིགས་ཏེ། 2016ལོར་ཡུན་ནན་ཞིང་ཆེན་མི་སྤྱི་ཐིང་གིས་ཆེད་མངགས་གཏེར་མ་རོང་ཤང་གི་ཡུལ་བབ་དང་བསྟུན་ནས་སེམས་སྐྱིད་འདུ་འགོད་ལག་བསྟར་བྱས་ཏེ་ཆེད་དོན་མ་དངུལ་བཏང་བ་དང་། རྩ་འཛུགས་སྡེ་ཚན་ལ་བརྟེན་ནས་ཏང་འཛུགས་སྐྱོང་གི་དྲ་རྒྱའི་ཞབས་ཞུའི་ལས་སྟེགས་གཏོད་པ་རེད།
     ཡུན་ནན་ཞིང་ཆེན་མི་སྤྱི་ཐིང་གིས་ལས་ཞུགས་དང་། སྤྱི་ཚོགས་འགན་སྲུང་། མི་དོན་ཤེས་ལྡན་མི་སྣ་སོགས་ཀྱི་ཞབས་ཞུ་ལས་སྟེགས་སུ་མཉམ་འདྲེས་བྱས་ནས་གངས་རིའི་ལུང་ཤུར་དུ་གནས་པའི་གཏེར་མ་རོང་ཤང་གི་མང་ཚོགས་གྲོང་ཚོ་ནས་མ་དོན་ནའང་སྲིད་ཇུས་བློ་འདྲི་དང་། མི་སྒེར་གྱི་ཆ་འཕྲིན་རྩད་ཞིབ། ལས་ཀ་འཚོལ་ཐུབ་པ། འགན་བཅོལ་ནང་ཞུགས་པ་དང་གྲོན་དངུལ་སྤྲོད་པའི་ལས་སྒོ་གཉེར་ཐུབ་པ། རང་ངོས་ཀྱི་ཁེ་དབང་སྲུང་སྐྱོང་ཐུབ་པ། དངུལ་རྩའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བཅས་བྱུང་བ་རེད།
     མིག་སྔར། མི་སྤྱི་སྡེ་ཚན་གྱིས་གཏེར་མ་རོང་ཤང་དུ་གཞི་རིམ་ཞབས་ཞུའི་ས་ཚིགས་29བསྐྲུན་པ་དང་། ཞབས་ཞུའི་ས་ཚིཌ་རེར་གློག་ཀླད་དང་། བསྐྱར་དཔར་འཕྲུལ་ཆས། བརྙན་གཏོང་ཡོ་བྱད་སོགས་སྒྲིག་ཆས་སྤྲད་ཡོད་ཅིང་། མི་སྤྱི་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་ལ་མཐུན་སྦྱོར་བྱས་ནས་འཕྲིན་གཏོང་འོད་སྐུད་བསྒར་ནས་ཞབས་ཞུའི་ས་ཚིཌ་དེ་ཆ་འཕྲིན་གྱི་མྱུར་བགྲོད་ལམ་དུ་ཞུཌ་པར་བྱས་པ་དང་། མི་སྤྱིའི་ལག་ཐོགས་ཁ་པར་གྱིAPPཁྱབ་གདལ་བཏང་ནས་མང་ཚོགས་ལ་དུས་ཐོག་ཏུ་སྤྱི་ཚོགས་འགན་བཅོལ་སོགས་ཀྱི་ཆ་འཕྲིན་འདྲི་རྩད་ཐུབ་པར་བྱས་པ་རེད།
     མིག་སྔར། ཡུན་ནན་ཞིང་ཆེན་དུ་བདེ་ཆེན་ཀྲོའུ་ཡིས་སྔོན་ལ་གཞི་རིམ་མི་སྤྱིའི་ཞབས་ཞུའི་ལས་སྟེགས་རྫོང་རིམ་པ་ཡོངས་སུ་ཁྱབ་པར་བྱས་པ་རེད།
     གནད་སར་དམིགས་ནས་དབུལ་རྩ་དྲུངས་ནས་ཕྱུང་བ།
     2018ལོར་ཕ་ཡུལ་སེམས་ལ་འཆང་བའི་ཧྲ་གོ་པའོ་ཡིས་གྲོང་ཁྱེར་དུ་འཕེལ་རྒྱས་གཏོང་བའི་གོ་སྐབས་དོར་ནས་བློ་ཐག་གཙང་བཅད་ཀྱིས་ཕ་ཡུལ་བདེ་ཆེན་ཀྲོའུ་ཐང་གསུམ་ཤང་དུ་ལོག་པ་དང་། གྲོང་མི་དབུལ་པོའི་སྣེ་ཁྲིད་ནས་གནས་སྤོས་བཀོད་སྒྲིག་བྱ་ཡུལ་འོག་གྲོང་གྲོང་ཚོར་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས་ཤིང་། མིག་སྔར་མཉམ་ལས་ཁང་གི་གཡེར་མ་འདེབས་འཛུགས་རྟེན་གཞིར་རྒྱ་ཁྱོན་མུའུ་300ཟིན་པ་དང་། ལྕ་བ་འདེབས་འཛུགས་རྟེན་གཞིར་རྒྱ་ཁྱོན་མུའུ་200ལྷག་ཙམ་ཟིན་པ། ལི་མའེ་འདེབས་འཛུགས་རྟེན་གཞིར་རྒྱ་ཁྱོན་མུའུ་800ལྷག་ཙམ་ཟིན་ཡོད་པ་རེད།
     “རི་ཁུག་ནས་གནས་སྤོས་པའི་འོག་གྲོང་གྲོང་ཚོའི་དུད་ཚང་48ཚང་མ་མཉམ་ལས་ཁང་དུ་ཞུགས་པ་དང་། ཉེ་འགྲམ་གྲོང་ཚོའི་གྲོང་མི་མང་པོ་ཞིག་ཀྱང་དེའི་ཁྲོད་ཞུགས་ཤིང་། ཁོང་ཚོ་ཚང་མ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་པ་རེད། མཉམ་ལས་ཁང་བརྒྱུད་ནས་ཚང་མར་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་འཚོལ་རོགས་བྱེད་ཐུབ་པའི་རེ་བ་ཡོད”ཅེས་ཧྲ་གོ་པའོ་ཡིས་བརྗོད།
     དོན་དངོས་ལ་གཞི་ཚུགས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་ནི་ཞིང་པར་རྒྱུན་མཐུད་འབབ་འཕར་དང་གྲོང་གསེབ་ཟམ་མི་ཆད་པར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་རེད། ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཀྲོའུ་ཡིས་ཡུལ་དེའི་ཐོན་ཁུངས་གང་ལེགས་སྤྱད་དེ་ཀྲོའུ་ཡོངས་ཀྱི་གྲོང་ཚོ་193ཚང་མར་མཉམ་སྡེབ་དཔལ་འབྱོར་ཁྱབ་པར་བྱས་པ་དང་། ཀྲོའུ་ཡོངས་ཀྱི་ཚོང་གཉེར་བྱེད་མཁན་གསར་པ་331དང་། དུད་ཚང་17121མི་གྲངས་57684བཅས་ལ་ཁེ་ཕན་མཉམ་འབྲེལ་གྱི་ལམ་སྲོལ་བཙུགས་ཡོད། དེས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་མི་འབོར་77.96%ཟིན་པ་དང་ཐོན་ལས་འཕེལ་རྒྱས་ཀྱི་ཆ་རྐྱེན་འཛོམས་པའི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་99.93%ཟིན་ཡོད།
     ཐོན་ལས་འཕེལ་རྒྱས་ནི་དབུལ་སྒྲོལ་གྱི་རྨང་གཞི་ཡིན་པ་དང་། ལས་ཞུགས་རོགས་སྐྱོར་ནི་དབུལ་སྒྲོལ་གྱི་རྩ་བ་རེད། ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཀྲོའུ་ཡིས་ལས་ཞུགས་བར་མཐོངས་ཟམ་མི་ཆད་པར་རྒྱ་སྐྱེད་བཏང་བ་དང་ལས་ཞུགས་ལས་གནས་འཚོལ་ཞིབ་བྱས་ཏེ་གཞན་བརྟེན་རྣམ་པའི་དབུལ་སྐྱོར་ནས་རང་བརྟེན་རྣམ་པའི་དབུལ་སྐྱོར་ལ་འགྱུར་བ་བྱས་ཡོད།
     ཟླ་8ཚེས་29ཉིན། བདེ་ཆེན་ཀྲོའུ་འབའ་ལུང་རྫོང་ཝུའེ་ཧུང་ཞིང་ལས་ཐོན་ཟོག་གི་ལས་ཞུགས་དབུལ་སྐྱོར་འཁོར་ཁང་དུ་ཞིང་དུད་ཚོས་ཀྲུང་ལུགས་སྨན་རྫས་གཏུབ་བཞིན་ཡོད།
     མིག་སྔར། དབུལ་སྐྱོར་འཁོར་ཁང་ལ་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1.3ཟིན་པའི་ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་དྲོད་ཁང་ཞིག་ཡོད་པར་ལོ་རེར་ཆ་སྙོམས་སྐབས་འཕྲལ་གླ་པ་མི་ཐེངས་ཁྲི་1.2བསྡུ་བ་དང་གྲོང་མིའི་ཉིན་རེའི་གླ་ཆ་མཐོ་ཤོས་སྒོར་260ཟིན་པ་དང་དམའ་ཤོས་ལ་སྒོར་80ཟིན་གྱི་ཡོད།
     ལས་ཞུགས་དབུལ་སྐྱོར་འཁོར་ཁང་གིས་ལས་ཞུགས་ལས་སྟེགས་བཏོད་པས་གྲོང་མི་དབུལ་པོ་རྣམས་ལ་སྒོ་འགྲམ་ནས་ལས་ཀ་རག་པ་དང་ཡོང་འབབ་བརྟན་པོ་བྱུང་ཡོད།
     མིག་སྔའི་བར། བདེ་ཆེན་ཀྲོའུ་ཡིས་མི་ཐེངས་ཁྲི་2.7ལ་ལས་ཞུགས་གསོ་སྦྱོང་བྱས་པ་དང་། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི་4.2ལས་ཞུགས་གཞན་སྒྱུར་བྱས་པ། ཡིག་ཚགས་དང་གཱ་བཟོས་པའི་ངལ་ནུས་དབུལ་པོ་མི་ཐེངས་ཁྲི་1.2ལས་ཞུགས་གཞན་སྒྱུར་བྱས་ཡོད། ཀྲོའུ་དེས་སྣོད་བཅུད་བདག་སྐྱོང་བ་མི་ཐེངས་ཁྲི་1.5ལྷག་ཙམ་བསྡུས་ཏེ་ཆ་རྐྱེན་འཛོམས་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཚང་མར་ཁྱབ་པར་བྱས་ཏེ་སྣོད་བཅུད་ལས་གནས་ཐོག་ལས་ཞུགས་དང་སྒོ་འགྲམ་དུ་དབུལ་སྒྲོལ་ཐུབ་པ་བྱས་ཡོད། ཐོན་ལས་དང་། ལས་ཞུགས། སྣོད་བཅུད་སོགས་ཀྱི་སྲིད་ཇུས་ཀྱི་རོགས་སྐྱོར་བྱས་པ་བརྒྱུད་དུད་ཚང་དབུལ་པོ་རེར་ཆ་སྙོམས་འབབ་འཕར་ཐོན་ལས་གཅིག་ནས་གཉིས་བར་ཡོད་པར་བྱས་པ་དང་། ངལ་ནུས་དབུལ་པོའི་ཁྱིམ་ཚང་ནས་ཉུང་མཐར་ཡང་མི་གཅིག་ལས་ཞུགས་ཐུབ་པ་བྱས་ཡོད།
     2015ལོ་ནས་ད་བར་ཡུན་ནན་ཞིང་ཆེན་གྱིས་ལག་རྩལ་སློབ་གླིང་དུ་སློབ་སྦྱོང་བྱེད་པར་ཡོང་མཁན་སྐྱེས་ཁུངས་བདེ་ཆེན་ནས་ཡིན་པའི་སློབ་མ་356ལ་སློབ་སྐྱོར་རོགས་དངུལ་སྤྲད་པ་དང་སློབ་ཡོན་རྩ་ཆག་གི་སྲིད་ཇུས་ལག་བསྟར་བྱས་པ་མ་ཟད། སློབ་མ་རེར་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་2500ཡང་སྤྲད་པས་སློབ་མའི་སེམས་ཁྲལ་བསལ་ཏེ་སེམས་ནུས་ཡོད་རྒུ་སློབ་སྦྱོང་ལ་བཞག་ཐུབ་པ་རེད།
     དབུལ་སྐྱོར་བྱེད་པར་སྔོན་ལ་རིག་སྐྱོར་བྱེད་པ་དང་། རིག་སྐྱོར་བྱེད་པར་སྔོན་ལ་རྩལ་སྐྱོར་བྱེད་པ།
     བདེ་ཆེན་ཀྲོའུ་ཡིས་ལོ་14ཡི་སློབ་ཡོན་རྩ་ཆག་དང་ས་མཐོའི་ཞིང་འབྲོག་པའི་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ་སྲིད་ཇུས་ལག་བསྟར་བྱས་པས། སློབ་མ་56486ལ་ཕན་པ་ཐོབ་པ་དང་དབང་སྐྱོན་གྱི་སློབ་ལོ་ལོན་པའི་བྱིས་པ་སོགས་ལ“སློབ་མ་གཅིག་ལ་ཐབས་ཇུས་གཅིག”ལག་བསྟར་བྱས་པ་དང་། སློབ་ཆེན་སློབ་མ་དབུལ་པོ་མི་རེར་ལོ་རེར་ཁ་གསབ་རོགས་དངུལ་སྒོར་5000སྤྲད་ཡོད་པ་རེད། ཡུན་ནན་ལག་རྩལ་སློབ་གླིང་གིས་བདེ་ཆེན་ཡན་ལག་སློབ་གླིང་བཙུགས་ནས་བོད་རིགས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་ལ་རྒྱབ་སྐྱོར་བྱས་པ་དང་། ཕུགས་ཕན་གྱི་རྩལ་ནུས་དབུལ་སྐྱོར་ལམ་སྲོལ་བཟོས་ཏེ་ཡུན་ནན་བོད་རིགས་ས་ཁུལ་དུ་ལག་རྩལ་བཟོ་པའི་སློབ་གསོ་མི་འདང་བའི་སྟོང་ཆ་བསྐངས་ཡོད། ད་ཆ་བོད་རིགས་ས་ཁུལ་གྱི་སློབ་མ་དང་ལྷག་དོན་དུ“ཐད་བརྒལ་མི་རིགས”ཀྱི་སློབ་མ་ཐག་ཉེ་སར་སློབ་གྲྭར་བསྐྱོད་ཆོག་པ་དང་ལག་རྩལ་སྣེ་གཅིག་བྱང་ཆུབ་པ་སྦྱངས་ཏེ་རྩལ་ནུས་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་ཡོད་པ་རེད།
     ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཀྲོའུ་ཡིས་རྩལ་ནུས་ལ་བརྟེན་ནས་དབུལ་སྐྱོར་བྱེད་པའི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང“སྔོན་ལ་གསོ་སྦྱོང་བྱེད་པ་དང་རྗེས་སུ་ལས་ཞུགས་བྱེད་པ། སྔོན་ལ་ལག་ཁྱེར་རག་པར་བྱེད་པ་དང་རྗེས་སུ་ལས་གནས་སུ་ཞུགས་རྒྱུ”མཐའ་འཁྱོངས་བྱས་ཤིང་། ཀྲོའུ་དེས་གྲོང་གསེབ་ཏུ་རྩལ་ནུས་ཁྱབ་གདལ་གཏོང་བའི་བྱེད་སྒོ་ཧུར་ཐག་སྤེལ་ཏེ་གྲོང་གསེབ་ཀྱི་ངལ་རྩོལ་མི་སྣར་ལས་ཞུགས་གཞན་སྒྱུར་གྱི་གསོ་སྦྱོང་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣར་བསྐྱར་དུ་ལས་ཞུགས་བྱེད་པའི་གསོ་སྦྱོང་བྱས་པ། ལས་གཏོད་ཀྱི་འདོད་པ་ཡོད་མཁན་ལ་ལས་གཏོད་གསོ་སྦྱོང་བཅས་བྱས་ཡོད་པ་རེད།
     “རྩལ་ནུས་དབུལ་སྐྱོར་ལ་བརྟེན་ནས་ང་ཚོས་མི་གཅིག་གསོ་སྦྱོང་བྱེད་པ་དང་། མི་གཅིག་ལས་ཞུགས་བྱེད་པ། དུད་ཚང་གཅིག་དབུལ་སྒྲོལ་ཐུབ་པའི་དམིགས་ཚད་ནུས་ཤུགས་ཡོད་རྒུས་མངོན་འགྱུར་ཐུབ་པ་བྱས་ཏེ་ཕ་ཚ་བུ་རབས་ཀྱི་དབུལ་པོ་མི་ཐོན་པ་བྱེད་ཀྱི་ཡིན”ཞེས་བདེ་ཆེན་ཀྲོའུ་མི་སྤྱི་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབང་ལིན་གྱིས་བཤད། 2015ལོ་ནས་ད་བར། བདེ་ཆེན་ཀྲོའུ་ཡིས་སྔ་རྗེས་སུ་རླངས་འཁོར་ཉམས་བཟོ་དང་། ཁྱིམ་ལས་ཞབས་ཞུ། ཤིང་བརྐོས། ཕར་ཆིན་སོགས་རྩལ་ནུས་གསོ་སྦྱོང་བྱས་པར་ཁྱོན་མི་95202ཞུགས་པ་དང་དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་4ལྷག་ཙམ་ཡོད་པ་རེད།