འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་22ཉིན།

༄༅༎བོད་ལུགས་གསོ་རིག་དེ་བོད་ལྗོངས་ཀྱི་མིང་བྱང་དུ་འགྱུར་བར་བྱེད་པ།

——བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་བོད་ལུགས་གསོ་རིག་གི་ཚན་རིག་ཞིབ་འཇུག་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་22ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། “《བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》ཀྱི་ཁག་དང་པོའི་དེབ་30དེ་2014ལོར་དཔེ་སྐྲུན་བྱས་ཟིན་ལ། ད་ལོ་དེབ་10པར་དུ་བསྐྲུན་རྒྱུ་དང་། སང་ལོ་དེབ་20པར་དུ་བསྐྲུན་རྒྱུ། གོམ་སྟབས་རྗེས་མར་དེབ་100ཡི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་ཡིན”ཞེས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དེ་སྔའི་དཔེ་མཛོད་ཁང་གི་འགན་འཛིན། དཔེ་རྙིང་ལེགས་སྒྲིག་གི་རིགས་གཅིག་མཁས་ཅན་གླང་མདུན་རྡོ་རྗེ་སྒྲོལ་དཀར་གྱིས་དགའ་ཚོར་ཆེན་པོས་བཤད། བོད་ལུགས་གསོ་རིག་དང་སྐར་རྩིས་དཔེ་རྙིང་གི་དཔྱད་གཞི་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་དང་ལེགས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་བོད་ལུགས་གསོ་རིག་གི་དཔེ་རྙིང་གྲངས་འཛིན་ཅན་གྱི་ལྟེ་གནས་འཛུགས་ཆེད་ཁོང་གིས་ལོ་ངོ་9ལ་འབད་འཐབ་བྱས་ཟིན་པ་རེད། 
     བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་བོད་སྨན་ཞིབ་འཇུག་ཁང་གི་སུའོ་ཀྲང་། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དགེ་རྒན་ཆེ་མོ་བ་གཞོན་པ་རིན་ཆེན་རྒྱལ་གྱིས་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞིའི“ཀྲུང་ལུགས་གསོ་རིག་སྨན་རྫས་དེང་རབས་ཅན་ཞིབ་འཇུག་གི་གཙོ་གནད་རྣམ་གྲངས”ཀྱི་ཞིབ་འཇུག་བྱ་གཞི་འགན་འཁུར་བཞིན་ཡོད་པ་རེད། 
     ད་ལོའི་ཟླ་7པ་ནས་བཟུང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་གཞོན་ནུ་རིགས་གཅིག་མཁས་ཅན་དགེ་རྒན་ཆེ་མོ་བ་བྲེ་སྲང་ལགས་ཀྱིས་ཚན་ཞིབ་ཚོགས་པའི་སྣེ་ཁྲིད་དེ་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དང་འབྲི་རུ་རྫོང་དུ་བསྐྱོད་ནས་མ་དཔེ་ས་གནས་33གྱི་མ་དཔེ་165ཡི་ཆ་འཕྲིན་ཟིན་ཐོ་དང་། སྨན་རྫས་ཟིན་ཐོ། དམར་དཔེ་འཚོལ་བསྡུ། པར་བརྙན་འཚོལ་བསྡུ་བཅས་ཀྱི་ལས་དོན་ལེགས་འགྲུབ་བྱུང་ཞིང་། པྲ་ཚིལ་གྱི་དམར་དཔེ་རིགས་286དང་ཁག་1716བཟོས་ཡོད་པ་རེད། 
     ……
     བོད་ལུགས་གསོ་རིག་ནི་ཀྲུང་ཧྭ་མི་རིགས་ཀྱི་གསོ་རིག་བང་མཛོད་ནང་གི་འོད་སྟོང་འཕྲོ་བའི་མུ་ཏིག་ཞིག་དང་འདྲ་ལ། རང་རྒྱལ་གྱི་མིག་སྔར་ཆ་ཚང་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་མི་རིགས་གསོ་རིག་གི་གྲས་ཤིག་ཡིན་པ་དང་། བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་ཚེགས་ཆེ་བའི་རང་བྱུང་ཁོར་ཡུག་ཁྲོད་དུས་ཡུན་རིང་པོའི་ཐོན་སྐྱེད་དང་འཚོ་བའི་ལག་ལེན་བྱས་པ་བརྒྱུད། ཀུན་གྱི་ལེགས་ཆ་འཚོལ་བསྡུ་བྱས་ནས་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ཞིང་གྲུབ་པའི་ཐུན་མོང་མ་ཡིན་པ་དང་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆ་ཚང་དང་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་པའི་སྲོལ་རྒྱུན་གྱི་གསོ་རིག་མ་ལག་ཅིག་རེད། བོད་ཀྱི་གསོ་བ་རིག་པ་ཡི་གེར་བཀོད་པའི་ལོ་རྒྱུས་ནི་སྤྱི་ལོའི་དུས་རབས་བདུན་པར་ཁུངས་དེད་ཆོག་ཅིང་། དེའི་ནང་གི་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་དང་། བོད་ཀྱི་གསོ་བ་རིག་པའི་ཁྲག་གཏར་བཅོས་ལུགས། བོད་ཀྱི་གསོ་བ་རིག་པའི་འདུལ་སྦྱོང་བཟོ་རྩལ་བཅས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ནས་ཀྲུང་གོ་དང་ཐ་ན་འཛམ་གླིང་གི་རྒྱུ་ནོར་རྩ་ཆེན་དུ་གྱུར་ཏེ་མི་མང་པོར་ན་ཟུག་སེལ་རོགས་བྱས་པས། “བོད་ཀྱི་གསོ་རིག”ཅེས་པ་གསོ་རིག་གི་སྤུས་རྟགས་ཤིག་ཏུ་གྱུར་ནས་མི་མང་པོས་ཤེས་རྟོགས་ཐུབ་ཡོད། 
     འཛམ་གླིང་གི་བོད་ལུགས་གསོ་རིག་གི་མཐོ་རིམ་སློབ་གསོའི་སློབ་གྲྭ་གཅིག་པུ་ཡིན་པའི་ངོས་ནས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་བཙུགས་ནས་ལོ་30སོང་རིང་། རྒྱལ་ཁབ་ཀྱི་རང་བྱུང་ཐེབས་རྩ་དང་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩ་ཚུད་པའི་རྒྱལ་ཁབ་རིམ་པའི་རྣམ་གྲངས་ཁག་56གི་སྒྲུབ་འགན་ཁུར་བ་དང་། རིགས་ཁག་གི་དཔེ་དེབ་45པར་སྐྲུན་བྱས་པས། ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་བྱ་དགའ་28ཐོབ་པ་དང་ཆེད་ཁེ་7ལ་ཆོག་མཆན་ཐོབ་པ་རེད། “བོད་ཀྱི་གསོ་བ་རིག་པའི་དངུལ་ཆུ་བཙོ་སྦྱང་བྱེད་ཐབས”དང“བོད་ཀྱི་གསོ་བ་རིག་པའི་རིན་ཆེན་གྲང་སྦྱོར་གྱི་སྡེབ་སྦྱོར་ལག་རྩལ”“བོད་ཀྱི་གསོ་བ་རིག་པའི་ཕྱི་བཅོས་བཅོས་ཐབས”སོགས་རྣམ་གྲངས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངོན་མིན་རིག་གནས་སྲུང་སྐྱོང་གི་ཤུལ་བཞག་གི་ཆོག་མཆན་སྤྲད་པ་རེད། 
     “སྐབས་དེ་དུས། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་འཛམ་གླིང་ཐོག་གི་བོད་ལུགས་གསོ་རིག་ཆ་ཚང་ཤོས་དང་དེ་བཞིན་སྐར་རྩིས་དཔེ་རྙིང་གྲངས་འཛིན་ཅན་གྱི་ལྟེ་གནས་བསྐྲུན་རྒྱུ་ཡིན་པས། ང་ཚོས་བོད་ལུགས་གསོ་རིག་ཞིབ་འཇུག་གི་མཐོ་ས་བཟུང་སྟེ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ”ཅེས་གླང་མདུན་རྡོ་རྗེ་སྒྲོལ་དཀར་གྱིས་མ་འོངས་པར་དམིགས་ནས་བཤད།