འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་22ཉིན།

༄༅༎མཚོ་བོད་ས་མཐོའི་གནའ་གྲོང་དུ་རིག་གནས་ཡུལ་སྐོར་ཐོན་ལས་དར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་22ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ལོ་བརྒྱའི་ལོ་རྒྱུས་ལྡན་པའི་བོད་བཟོའི་སྡོད་ཁང་ཞིག་ཏུ་ལྕང་ལོ་བསླས་པའི་ན་གཞོན་ཨ་མ་ཞིག་གིས་སྒལ་པར་ཕྲུ་གུ་དམར་འབྱར་ཞིག་འཁུར་ནས་ཐབ་ཀྱི་འགྲམ་དུ་མེ་སྲོ་བཞིན་ཡོད་པ་དང་སྐྲ་གཞུག་ནག་པོ་བརྒྱབ་པའི་ནང་གི་པ་ཕས་གདན་བཀྱག་ཏུ་བསྡད་དེ་ལག་པ་གཡས་ཀྱིས་ཇ་ཕོར་བཏེགས་ནས་ཇ་འཐུང་བཞིན་ཡོད། གལ་ཏེ“ལག་པ་གང་བྱུང་དུ་འཆང་མི་ཆོག”ཅེས་པའི་དྲན་སྐུལ་བྱང་བུ་དེ་མེད་ན། ཁྱེད་ལ་ཕྱི་རོལ་དང་འབྲེལ་ཐག་ཆད་པའི་བོད་རིགས་ཀྱི་ཁྱིམ་ཞིག་ཏུ་སླེབས་པའི་སྣང་བ་ཡོང་སྲིད། གང་ཡིན་ཞེ་ན་དེ་གར་དེང་རབས་ཤེས་དཔལ་གྱི་ཤུལ་གང་ཡང་མེད་པ་རེད།
     དེ་ནི་མཚོ་བོད་ས་མཐོའི་ཤར་རྒྱུད་ཀྱི་གནའ་གྲོང་དང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ལི་ཐང་རྫོང་གི་སྡོད་ཁང་རྙིང་པ་ཞིག་སྒྱུར་བཀོད་བྱས་ནས་བསྐྲུན་པའི་ཁམས་པའི་རྟེན་རྫས་བཤམས་མཛོད་ཁང་གི་འཇིམ་བརྙན་ཁང་རེད། དེའི་ནང་འཇིམ་བརྙན་དང་གནའ་རྫས་རྙིང་པ་སྣ་ཚོགས་སྒྲིག་གཤོམ་བྱས་ཡོད་ལ་འོ་མ་བཞོ་བཞིན་པ་དང་། བག་སྟོན། ཡིག་གཟུགས་སྦྱོང་བ། ཚོང་རྒྱག་པ་སོགས་ཁམས་ཁུལ་གྱི་འཚོ་བའི་སྣང་ཚུལ་སྣ་ཚོགས་མཚོན་པར་བྱས་ཡོད།
     རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་བ་དང་ས་གནས་དེ་གའི་སྲིད་གཞུང་གིས་སྐུལ་འདེད་བཏང་བ་བརྒྱུད། རིག་གནས་ཡུལ་སྐོར་ཐོན་ལས་དེ་ལི་ཐང་རྫོང་དུ་མྱུར་དུ་དར་ཞིང་། གནའ་བོའི་ཁྲོམ་གཞུང་གི་རྨང་གཞིའི་ཐོག་བསྐྲུན་པའི་ལེ་ཐུང་གནའ་གྲོང་མཛེས་ལྗོངས་ཁུལ་འདི་ལོ་དངོས་སུ་ཕྱི་ཕྱོགས་སུ་སྒོ་ཕྱེ་བ་དང་ཁམས་པའི་རྟེན་རྫས་བཤམས་མཛོད་ཁང་སོགས་རྟེན་རྫས་བཤམས་མཛོད་ཁང་6ཡོད་པ་རེད། ཁྲེང་ཏུའུ་དང་། གཡག་རྔ། ལེ་ཧྲན་སོགས་སི་ཁྲོན་གྱི་གྲོང་ཁྱེར་ཁག་གི་མིང་བཏགས་པའི་ཟ་ཁང་ཆུང་ཆུང་གང་སར་མཐོང་རྒྱུ་ཡོད་པ་དང་ད་དུང་ཟ་བཏུང་ཁེ་ལས་ཆེ་གྲས་ཁག་གཅིག་དེ་གར་ཟ་ཁང་འཛུགས་རྩིས་ཡོད་པ་རེད།
     ལི་ཐང་ནི་ཁྲོན་བོད་ལམ་གྱི་གྲོང་རྡལ་གལ་ཆེན་ཞིག་ཡིན་པ་དང་། ས་རྒྱ་ཆེ་ལ་མེ་ལོང་ལྟར་ཁོད་སྙོམས་པའི་རྩྭ་ཐང་ལས་མིང་དེ་བྱུང་བ་དང་ད་བར་ལོ་ངོ་700ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། འོན་ཀྱང་ལི་ཐང་གི་སྙན་གྲགས་འདབ་པ་རྫོང་ལྟར་མེད། འདབ་པའི་མཛེས་ལྗོངས་ཁུལ་སྔ་ས་ནས་ཡུལ་སྐོར་གྱི་དམིགས་སར་གྱུར་པ་དང་2018ལོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་100ལས་བརྒལ་ཡོད་པ་རེད།