འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་20ཉིན།

༄༅།།ནུབ་ཕྱོགས་སྲིད་གཉེར་པའི་ཤང་ཀང་ལ་ཟིང་འཁྲུག་བྱུང་ན་འདོད་པའི་ལྟ་བ་དམར་རྗེན་དུ་བཏོན།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་20ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་19ཉིན། ཨ་རི་དང་དབྱིན་ཇི། ཡོ་རོབ་མནའ་མཐུན་སོགས་ཀྱི་ཆབ་སྲིད་མི་སྣས་ཁུངས་ལུང་མེད་པར་ཤང་ཀང་གི་ཉེན་རྟོག་པས་ཁྲིམས་ལྟར་དྲག་སྤྱོད་པས་སློབ་ཆེན་གྱི་སློབ་ར་སོགས་བཟུང་བའི་དྲག་སྤྱོད་རབ་དང་རིམ་པའི་ཐད་ལ་སྐྱོན་འཛུགས་པར་དམིགས་ནས། ཕྱི་འབྲེལ་པུའུ་ཡི་ཤང་ཀང་དུ་སྡོད་པའི་ཆེད་མངགས་གཞུང་དོན་ཁང་གི་མགྲིན་ཚབ་པས་ཚེས་19ཉིན། འབྲེལ་ཡོད་གཏམ་གླེང་ནི་དོན་དངོས་དང་འགལ་ཞིང་བག་མེད་པ། ཚད་མེད་པར་དྲག་སྤྱོད་ལ་གུ་ཡངས་དང་འགེབ་སྲུང་བྱེད་པའི་བྱ་སྤྱོད་ཡིན་པས། ཕྱི་འབྲེལ་པུའུ་ཡི་ཤང་ཀང་དུ་སྡོད་པའི་གཞུང་དོན་ཁང་གིས་དེའི་ཐད་ལ་སྐྱོན་བརྗོད་དྲག་པོ་བྱ་རྒྱུ་དང་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་པ་བསྟན། 
     མགྲིན་ཚབ་པས་བསྟན་དོན། བསྟུད་མར་ཉིན་ཁ་ཤས་རིང་། ལྭ་བ་ནག་པོ་གྱོན་པའི་དྲག་སྤྱོད་པ་རྣམས་ངན་ཤུགས་ཇེ་ཆེར་སོང་ནས་སློབ་ར་བཙན་བཟུང་དང་། འགྲིམ་འགྲུལ་ལ་གཏོར་བརླག མི་བསད་ཅིང་མེ་བརྒྱབ་པ་བཅས་བྱས་ནས། ཁྲིམས་སྐྱོང་གི་སྒྲིག་ལམ་ཅི་ཡང་མི་སྣང་ཞིང་། གྲོང་མིའི་ཚེ་སྲོག་ནི་རྩྭ་འཇག་མ་དང་། དྲང་བདེན་གྱི་བཅའ་ཁྲིམས་ནི་བྱིས་པའི་རྩེད་མོ་བཅས་ལ་ངོས་བཟུང་ནས་སྨྱོས་ཡོད་པ་ལྟར་གཏོར་བརླག་གི་བྱེད་སྒོ་སྤེལ་ནས། ཤང་ཀང་སྤྱི་ཚོགས་ཡོངས་ཀྱི་སྤྱི་དགྲ་རུ་གྱུར་ཡོད།  དེ་བས། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་ཉེན་རྟོག་རུ་ཁག་གིས་ཟིང་འཁྲུག་དང་དྲག་སྤྱོད་བཀག་འགོག་བྱེད་པའི་མཁྲེགས་གཏོར་བྱེད་དུས་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་དྲག་སྤྱོད་པ་ཁྲིམས་ལ་སྦྱོར་བའི་འགག་རྩའི་དུས་ཚང་མ་ལ། ནུབ་ཕྱོགས་ཀྱི་ཆབ་སྲིད་པ་ཕྱིར་ཐོན་ནས། རེས་མོས་ཀྱིས་གཡོ་སྒྱུ་ཆེན་པོས་“ཁ་བརྡ་གཏོང་བའི་འབོད་སྐུལ”བྱེད། དོན་དངོས་སུ་དེ་ནི་དམིགས་བསལ་སྲིད་འཛིན་ཁུལ་ལ་གནོན་ཤུགས་གཏོང་བ་དང་། དྲག་སྤྱོད་པ་ལ་ཤུགས་བརྒྱབ་པ་ཡིན་ཞིང་། ཤང་ཀང་གི་ཟིང་འཁྲུག་འཇགས་འགྲོ་བར་དངངས་སྐྲག་བྱེད་བཞིན་ཡོད་པ་རེད། ནུབ་ཕྱོགས་ཀྱི་ཆབ་སྲིད་མི་སྣ་འདི་དག་གིས་དམངས་ཀྱི་འདུན་པ་དང་རྒྱབ་འགལ་བྱས་ཤིང་། ཁྲིམས་སྐྱོང་དང་དྲང་བདེན་དགྲ་བོར་བཟུང་བས་མིའི་རིགས་དཔལ་ཡོན་གྱི་ངོ་ཚའི་ཀ་བའི་ཐོག་ཏུ་བརྡབས་ཡོད་པ་བསྟན། 
     མགྲིན་ཚབས་པས། མིག་སྔར། ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་འོག དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་དྲག་སྤྱོད་དང་ཟིང་འཁྲུག་བཀག་འགོག་བྱེད་པའི་ཆོད་སེམས་སྔར་བས་བརྟན་པོར་གྱུར་ཡོད། ཤང་ཀང་གི་གྲོང་མིས་ཁྲིམས་སྐྱོང་དང་སྒྲིག་ལམ་ཡོད་པའི་དམངས་འདུན་སླར་གསོ་བྱ་རྒྱའི་བླང་བྱ་དྲག་པོ་འདོན་བཞིན་ཡོད་ཅིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དྲག་སྤྱོད་པ་ལ་ངོ་རྒོལ་བྱེད་པའི་འབོད་སྐུལ་སྔར་བས་ཆེ་བ་ཡོད། ནུབ་ཕྱོགས་ཀྱི་ཆབ་སྲིད་མི་སྣ་ཁ་ཤས་ཀྱིས་ཤང་ཀང་གི་དྲག་ཤུགས་གཏིང་ཟབ་གཏོང་རྒྱུའི་བསམ་ངན་འཆང་བ་དང་། “ཀྲུང་གོ་ལ་རྒོལ་ཞིང་ཤང་ཀང་ཟིང་འཁྲུག་”གི་བསམ་བློ་ངན་པ་གཏན་ནས་མངོན་འགྱུར་ཡོང་མི་ཐུབ་པ་དང་། ཤང་ཀང་གིས་དྲག་སྤྱོད་པའི་ཟིང་འཁྲུག་ངེས་པར་དུ་བཀག་འགོག་བྱ་རྒྱུ་དང་། སྒྲིག་ལམ་ལྡན་པའི་དྲང་བདེན་འཐབ་རྩོད་འདི་སླར་གསོ་བྱས་ནས། དར་རྒྱས་བརྟན་ལྷིང་གི་སང་ཉིན་སླར་ཡང་བསུ་རྒྱུ་ཡིན་པ་ནན་བཤད་བྱས།