འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་20ཉིན།

༄༅།།ཧྲེང་པི་ཏེ་པའོ་ཡི་རྒྱལ་སྤྱིའི་རིག་གནས་གླེང་སྟེགས་སྐབས་བརྒྱད་པའི་ཐོག“ཀྲུང་གོའི་ཉམས་
འགྱུར”མངོན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་20ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་མིང་དང་། ལུའུ་ཅིན་པོ། ཁྲེན་མོང་དབྱང་།
དུས་ཡུན་ཉིན་གསུམ་རིང་གི་ཧྲེང་པི་ཏེ་པའོ་ཡི་རྒྱལ་སྤྱིའི་རིག་གནས་གླེང་སྟེགས་སྐབས་བརྒྱད་པ་ཉེ་ཆར་ཨུ་རུ་སུའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཧྲེང་པི་ཏེ་པའོ་རུ་མཇུག་འགྲིལ་བ་རེད། སྐབས་འདིའི་གླེང་སྟེགས་ཀྱི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཡིན་པའི་ཀྲུང་གོས་སྟོབས་ཆེའི་འཁྲབ་སྟོན་ཚོགས་པ་མངགས་ཏེ་རིག་གནས་བྱེད་སྒོ་ཐེངས་མང་སྤེལ་བས་སྐབས་འདིའི་གླེང་སྟེགས་ཐོག“ཀྲུང་གོའི་ཉམས་འགྱུར”ཟབ་མོ་མངོན་པར་བྱས་པ་རེད།
     ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའི་སྣེ་ཁྲིད་འོག་ཀྲུང་གོའི་ཕྱི་ཕྱོགས་རིག་གནས་ཚོགས་པ་ཚད་ཡོད་ཀུང་སིས་རྒྱལ་ནང་གི་གྲགས་ཅན་སྒྱུ་རྩལ་ཚན་པ་མང་པོ་ཞིག་སྒྲིག་འཛུགས་བྱས་ནས་གླེང་སྟེགས་ཀྱི་འཁྲབ་སྟོན་དང་སྤེལ་རེས་བྱེད་སྒོའི་ནང་ཞུགས་ཡོད་ཅིང་། དེའི་ཁྲོད་ཧྲང་ཧའེ་མི་རིགས་རོལ་དབྱངས་ཚོགས་པས་2019ལོར་ཨུ་རུ་སུར་སྐོར་འཁྲབ་བྱེད་སྒོ་གཉེར་བ་དང་འབྲེལ། ཨུ་རུ་སུའི་སྒྱུ་རྩལ་མཁས་ཅན་དང་མཉམ་དུ《མཚོ་ཐོག་རོལ་དབྱངས་སྙན·ཞི་བདེའི་བསྟོད་དབྱངས》སོགས་རོལ་དབྱངས་འདུ་ཚོགས་ཐེངས་མང་འཚོགས་པ་དང་། ཀྲུང་གོ་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་གིས་གཏམ་བརྗོད་ཟློས་གར《ལན་ལིང་རྒྱལ་པོ》འཁྲབ་སྟོན་བྱས་ཏེ་ཨུ་རུ་སུའི་ལྟད་མོ་བར་ལོ་ངོ་1400ལྷག་ཙམ་གོང་གི་ཀྲུང་གོའི་ཆི་རྒྱལ་རབས་བྱང་མའི་གྲགས་ཅན་དམག་དཔོན་ལན་ལིང་རྒྱལ་པོའི་ངོ་མཚར་གཏམ་རྒྱུད་བརྗོད་ཡོད།
    ཨུ་རུ་སུའི་རིག་གནས་པུའི་པུའུ་ཀྲང་མེ་ཅིན་སི་ཅིས་གླེང་སྟེགས་ཐོག་ཤིས་ཚིག་གསུངས་སྐབས། སྐབས་འདིའི་གླེང་སྟེགས་ཀྱིས་ཀྲུང་གོར་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་གནས་བབ་སྤྲད་པ་དེ་ཨུ་ཀྲུང་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་གུས་བཀུར་ཞུ་ལུགས་མཚོན་པ་ཞིག་ཡིན་ལ། ཨུ་ཀྲུང་གིས་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རིག་གནས་ཁྱབ་ཁོངས་སུ་སྔར་བས་ཤུགས་སྣོན་བརྒྱབ་པའི་མཚོན་རྟགས་ཤིག་ཀྱང་རེད།
     གླེང་སྟེགས་ལ་ཞུགས་མཁན་ཧྲེང་པི་ཏེ་པའོ་ཡི་རྒྱལ་བཙུགས་སློབ་ཆེན་གྱི་སློབ་སྤྱི་ཁེ་ལུའོ་ཕ་ཆེ་ཧྥུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་ཉིད་སྐབས་འདིའི་གླེང་སྟེགས་ཀྱི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ལ་གྱུར་པ་དེ་ཐོག་ནས་ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོའི་རིག་གནས་ཨུ་རུ་སུར་ཁྱབ་སྤེལ་བྱེད་པའི་ཐད་དོ་ཁུར་བྱེད་ལུགས་གསལ་བཤད་བྱེད་ཐུབ། མིག་སྔར་ཀྲུང་གོའི་སློབ་མ་ཁྲི་3ལྷག་ཙམ་ཨུ་རུ་སུར་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། ཀྲུང་གོར་ཡོད་པའི་ཨུ་རུ་སུའི་ཕྱི་སྦྱོང་སློབ་མའང་ཁྲི་གཉིས་ལྷག་ཙམ་ཟིན་ཡོད། ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་དང་དེ་བས་གཏིང་ཟབ་པའི་སྒོ་ནས་རིག་གནས་སྤེལ་རེས་མཉམ་ལས་བྱ་རྒྱུ་དང་འབྲེལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུའི་རེ་བ་ཡོད་ཅེས་བརྗོད།