༄༅།།ལོ་25ཡི་རྗེས་ཀྱི་དབྱར་ཁར་བྱང་འཁྱགས་རོམ་རྒྱ་མཚོའི་འཁྱགས་རོམ་ཞུ་ཉེན་ཆེ།
གསར་འགྱུར་སྤེལ་དུས། 【2019ལོའི་ཟླ་ 11ཚེས་19ཉིན། 14:03】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན། འཁྱམས་རོམ་མེད་པའི་བྱང་འཁྱགས་རོམ་རྒྱ་མཚོ་ནི་མི་རྣམས་ཀྱི་བསམ་ཡུལ་འདས་པ་ཞིག་ཡིན་ནའང་། ཞིབ་འཇུག་གསར་པ་ཞིག་ལས། གནས་ཚུལ་དེ་འདྲ་ནི་ཆེས་སྔ་ན་ལོ་ངོ་25ཡི་རྗེས་ལ་དོན་དངོས་སུ་འགྱུར་སྲིད་པར་བསྟན། མིའི་རིགས་ཀྱི་བྱེད་སྒོ་ཡིས་ནམ་ཟླར་འགྱུར་ལྡོག་བཏང་བ་དང་དེའི་ཤུགས་རྐྱེན་ཐེབས་པ་ལས། 2044ལོ་ནས་2067ལོའི་བར་གྱི་དུས་ཚོད་ངེས་ཅན་ཞིག་ཏུ་བྱང་འཁྱགས་རོམ་རྒྱ་མཚོའི་ལོ་ལྟར་དབྱར་ཁར་འཁྱགས་རོམ་ཁྱོན་ཡོངས་ནས་ཞུ་བའི་རྣམ་པ་ཐོན་སྲིད།
ཉེ་ཆར་ཨ་རིའི་ཁ་རི་ཧྥུའུ་ཉི་ཡ་སློབ་ཆེན་གྱི་ལའོ་སན་ཅི་ཡན་ལག་སློབ་གྲྭའི་ཞིབ་འཇུག་པས་དབྱིན་ཇིའི་《རང་བྱུང་དང་། ནམ་ཟླ་འགྱུར་ལྡོག》དུས་དེབ་ཐོག་ཏུ་གོང་གི་ཞིབ་འཇུག་བྱས་འབྲས་སྤེལ་ཡོད།
བྱང་འཁྱགས་རོམ་རྒྱ་མཚོའི་ཁྱགས་རོམ་ནི་ལོ་རེར་དགུན་ཁར་ཇེ་མང་དང་དབྱར་ཁར་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཅིང་ཟླ་9པར་ཆེས་ཉུང་ཤོས་ཡིན། ཞིབ་འཇུག་མི་སྣས། བྱང་འཁྱགས་རོམ་རྒྱ་མཚོའི་འཁྱགས་རོམ་སྤྱིའི་ཆ་ནས་ཇེ་ཉུང་དུ་འགྲོ་བ་དེ་ནི་དོན་དག་གསར་པ་ཞིག་མ་རེད། འཁོར་སྐར་གྱིས་ལྟ་ཞིབ་ལས་མངོན་གསལ། ཟླ་9པར་ཚད་འཇལ་བྱས་པའི་བྱང་འཁྱགས་རོམ་རྒྱ་མཚོའི་འཁྱགས་རོམ་གྱི་རྒྱ་ཁྱོན་ནི། 1979ནས་བཟུང་ལོ་10རེར་13%ཙམ་ཇེ་ཉུང་དུ་འགྲོ་བཞིན་ཡོད། འདི་འདྲའི་འཕེལ་ཕྱོགས་ལ་གཞིགས་ན། བྱང་འཁྱགས་རོམ་རྒྱ་མཚོའི་འཁྱགས་རོམ་ནི་ནམ་ཞིག་གི་དབྱར་ཁ་ནས་བཟུང་ཁྱོན་ཡོངས་ནས་ཞུ་བའི་གནས་ཚུལ་འབྱུང་སྲིད་ཀྱང་། ཚན་རིག་ལས་རིགས་སུ་ཞིབ་ཕྲའི་དུས་ཚོད་ཐད་ཀྱི་སྔོན་དཔག་མཇུག་འབྲས་ད་རུང་གཅིག་མཐུན་བྱུང་མེད།
ཞིབ་འཇུག་གསར་ཤོས་ལས་དུས་ཚིགས་རང་བཞིན་གྱི་རྒྱ་མཚོའི་འཁྱགས་རོམ་ཞུ་བའི་གནས་ཚུལ་སྐོར་གྱི་མ་དཔེ་23ལ་དབྱེ་ཞིབ་བྱས་པ་སྟེ། དེ་དག་དང་འཁོར་སྐར་གྱི་འཇལ་ཚད་འབྲས་བུ་དཔྱད་བསྡུར་བྱས་ཏེ། དོན་དངོས་ཀྱི་གནས་ཚུལ་མཚོན་ཐུབ་པའི་མ་དཔེ་6འདེམས་གསེས་བྱས་པ་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་པ་ལས། བྱང་འཁྱགས་རོམ་རྒྱ་མཚོའི་འཁྱགས་རོམ་ཡོངས་སུ་ཞུ་བའི་གནས་ཚུལ་ནི་ཆེས་སྔ་ན་2044ལོའི་དབྱར་ཁར་འབྱུང་ཤས་ཆེ་བར་མཚོན།