འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་19ཉིན།

༄༅།།རྒྱལ་ཡོངས་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱིས་ཤང་ཀང་གི་ཐད་དུ་གཏམ་བཤད་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་19ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་19ཉིན། རྒྱལ་ཡོངས་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཙང་ཐའེ་ཝེ་ཡིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་མཐོ་རིམ་ཁྲིམས་ཁང་གི་ཐོག་མའི་ཞུ་གཏུག་ཁྲིམས་རའི་ཁྲིམས་འཛིན་བསྐྱར་ཞིབ་གྱོད་གཞིའི་ཁྲིམས་བཅད་ཐད་དུ་གཤམ་གསལ་གཏམ་བཤད་སྤེལ་བ་སྟེ། 
ཟླ་11ཚེས་18ཉིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་མཐོ་རིམ་ཁྲིམས་ཁང་གི་ཐོག་མའི་ཞུ་གཏུག་ཁྲིམས་རས་བཅད་ཁྲ་ཞིག་བཀོད་ཡོད། དེའི་ཁྲོད་དུ་ཤང་ཀང་གི་《ཛ་དྲག་གནས་ཚུལ་སྐོར་གྱི་ཁྲིམས་སྲོལ་སྲོལ་ཡིག་》གི་དོན་ཚན་ཁ་ཤས་ནི་ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས་དང་མི་མཐུན་པའི་བཀའ་བཅད་བཏང་ཞིང་། འབྲེལ་ཡོད་དོན་ཚན་སྤྱོད་ནུས་མེད་པར་གྱུར་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁ་ཤས་ཀྱིས་དེར་འཐད་པ་མིན་པའི་རྣམ་འགྱུར་དྲག་ཏུ་བསྟན་ཞིང་། རྒྱལ་ཡོངས་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱིས་དེའི་ཐད་ལ་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། ང་ཚོས་བཅའ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ཀྱིས་མཉམ་དུ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་རྩ་ཁྲིམས་ལམ་ལུགས་ཀྱི་རྨང་གཞི་གྲུབ་ཡོད་པ་ངོས་འཛིན་བྱས་ཡོད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་ལུགས་དེ་ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས་དང་མཐུན་མིན་ནི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁོ་ནས་བརྡར་ཤ་གཅོད་པ་དང་ཐག་གཅོད་བྱ་རྒྱུ་ལས། ལས་ཁུངས་གཞན་དག་གང་ལའང་བརྡར་གཅོད་དང་ཐག་གཅོད་བྱེད་པའི་དབང་ཆ་མེད། ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས་གྱི་དོན་ཚན་8པའི་གཏན་འབེབས་ལྟར་ན། 《ཛ་དྲག་གནས་ཚུལ་སྐོར་གྱི་ཁྲིམས་སྲོལ་སྲོལ་ཡིག་》ཚུད་པའི་ཤང་ཀང་གི་སྔར་ཡོད་ཁྲིམས་ལུགས་ཏེ། ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས་དང་འགལ་བའམ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛིན་ལས་ཁུངས་ཀྱིས་བསྐྱར་བཅོས་བྱས་པ་དག་ཕུད། གཞན་དག་རང་སོར་འཇོག་རྒྱུ་བྱས་ཡོད། 1997ལོའི་ཟླ་2ཚེས་23ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་24པས་《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས>ཀྱི་དོན་ཚན་བརྒྱ་དང་དྲུག་ཅུ་པར་གཞིགས་ནས་ཤང་ཀང་གི་སྔར་ཡོད་ཁྲིམས་ལུགས་ཐག་གཅོད་བྱེད་པའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་》གཏན་འཁེལ་བྱས་པ་ལས་《ཛ་དྲག་གནས་ཚུལ་སྐོར་གྱི་ཁྲིམས་སྲོལ་སྲོལ་ཡིག་》ནི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་ལུགས་སུ་བརྩིས་ཡོད་པས། སྲོལ་ཡིག་དེ་ནི་ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས་དང་མཐུན་པ་ཡིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་མཐོ་རིམས་ཁྲིམས་ཁང་གི་ཐོག་མའི་ཞུ་གཏུག་ཁྲིམས་རས་འབྲེལ་ཡོད་ཁྲིམས་བཅད་ཀྱིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་དང་སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ་བཅོས་སྐྱོང་གི་དབང་ཆ་ཉམས་དམས་སུ་ཚབས་ཆེན་བཏང་ཡོད་ཅིང་། ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཁྲིམས་བཅད་ཀྱི་གཏན་འབེབས་ལའང་མི་མཐུན་པས། ང་ཚོས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་བཏོན་པའི་འབྲེལ་ཡོད་བསམ་འཆར་དང་གྲོས་གཞི་ལ་ཞིབ་འཇུག་བྱེད་བཞིན་ཡོད།