འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་15ཉིན།

༄༅།།འབུམ་རམས་པའི་སློབ་གནས་དཔྱད་རྩོམ་ལ་འཐེན་བཤེར་བྱས་པར་གནད་དོན་
མངོན་གསལ་བྱུང་།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་15ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་14ཉིན། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་སྣེ་ཁྲིད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་ཉེ་ཆར་སློབ་གསོ་པུའུ་འཕེལ་རྒྱས་འཆར་འགོད་སི་དང་། སློབ་གནས་དོ་དམ་དང་ཞིབ་འཇུག་སློབ་མའི་སློབ་གསོ་སི་དང་ལྷན་དུ། 2018ལོའི་འབུམ་རམས་པའི་སློབ་གནས་དཔྱད་རྩོམ་འཐེན་བཤེར་ལས་གནད་དོན་འབུར་དུ་ཐོན་པ་བྱུང་བའི་སློབ་གནས་སྤྲད་པའི་ལས་ཁུངས་ལ་གཅིག་འདུས་ཀྱིས་སྐོང་འདྲི་བྱས་པ་རེད།
    སྐོང་འདྲིའི་ཐོག་ནན་བཤད་གནང་དོན། ལས་ཁུངས་ཁག་གིས་སློབ་གནས་དཔྱད་བསྡུར་གཏན་འབེབས་ཨུ་ཡོན་ལྷན་ཁང་དང་། རིག་གཞུང་ཨུ་ཡོན་ལྷན་ཁང་ལ་བརྟེན་ནས། ཉེ་བའི་ལོ་འགའི་རིང་ལས་ཁུངས་རང་ལ་ཡོད་པའི་སློབ་གནས་དཔྱད་རྩོམ་ལ་གནད་དོན་ཡོད་པའི་ཐད་ཁྱོན་ཡོངས་ནས་དབྱེ་ཞིབ་བྱེད་པ་དང་། འབུམ་རམས་པའི་ཞིབ་འཇུག་སློབ་མའི་སྤུས་ཚད་འགན་སྲུང་ཁྲོད་ཀྱི་ཉམས་ཞན་གྱི་ལྷུ་ཚིགས་ལ་ཞིབ་བཤེར་བྱས་ནས་གནད་དོན་གསལ་ཐོ་གྲུབ་དགོས། དུས་མཉམ་དུ། ལྟ་སྐུལ་རུ་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས་པ་སྟེ། སློབ་མ་བསྡུ་བ་དང་། གསོ་སྐྱོང་གོ་རིམ། དཔྱད་རྩོམ་ལེགས་འགྲུབ་ཀྱི་གོ་རིམ་ཁྲོད་དུས་རིམ་ཡོངས་ལ་ལྟ་སྐུལ་བྱེད་དགོས་པ་དང་། མཛུབ་སྟོན་དགེ་རྒན་གྱི་དཔྱད་འཇོག་ལམ་སྲོལ་འཐུས་ཚང་བཟོ་དགོས་ཤིང་། མཛུན་སྟོན་དགེ་རྒན་ལས་གནས་ཀྱི་བླང་བྱ་གསལ་པོ་བཟོ་དགོས།
     སྐོང་འདྲིའི་ཐོག་ལས་ཁུངས་ཁག་གིས་མྱུར་དུ་ཆེད་དོན་ཞིབ་འཇུག་དང་དག་ཐེར་ལེགས་བཅོས་བྱ་བ་སྒྲུབ་དགོས་པ་དང་། དག་ཐེར་ལེགས་བཅོས་ཀྱི་ཇུས་གཞི་བཟོ་དགོས། ལས་ཁུངས་ཁག་གིས་2020ལོའི་འབུམ་རམས་པའི་སློབ་གནས་དཔྱད་རྩོམ་གྱི་འཐེན་བཤེར་ཁྲོད་གནད་དོན་ཡོད་པའི་དཔྱད་རྩོམ་གྱི་ཁ་གྲངས་བསྡུར་ཚད་ཇེ་དམའ་རུ་གཏོང་དགོས་པའི་བླང་བྱ་བཏོན།
    ངོ་སྤྲོད་བྱས་པར་གཞིགས་ན། 2018ལོའི་འབུམ་རམས་པའི་སློབ་གནས་དཔྱད་རྩོམ་6572ལ་སྐབས་བསྟུན་འཐེན་བཤེར་བྱས་པ་དང་། རྒྱལ་ཡོངས་ཀྱི་སྤྱིའི་འབོར་གྲངས་ཀྱི་བསྡུར་ཚད་ནི་10.4%ཟིན་ཡོད།