འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་15ཉིན།

༄༅།།ཨ་ཧྥེ་རི་ཁའི་མ་འཇོག་ཚོགས་ཆེན་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཐུབ་པའི་རེ་
བ་བྱེད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་15ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་གཡོད་ཧན་ནེ་སི་པའོ་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཨ་ཧྥེ་རི་ཁའི་གསར་སྤེལ་དངུལ་ཁང་གིས་གཙོ་གཉེར་བྱས་པའི་ཨ་ཧྥེ་རི་ཁའི་མ་འཇོག་ཚོགས་ཆེན་སྐབས་གཉིས་པ་ཉེ་ཆར་ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་རུ་འཚོགས་ཤིང་། ཚོགས་འདུའི་དམིགས་ཡུལ་ནི་ཨ་ཧྥེ་རི་ཁའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་མངོན་མེད་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ་དེ་རེད།
    ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཤི་ལི་ཨར·ལ་མ་ཧྥུ་སས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་སྐབས་ཨ་ཧྥེ་རི་ཁའི་ཕྱོགས་ཡོངས་ནས་བལྟས་ན། དཔལ་འབྱོར་སྒྱུར་བཅོས་ཀྱིས་མ་འཇོག་མཁན་གྱི་ཡིད་ཆེས་བརྟན་དུ་བཏང་ནས་ས་གནས་དེ་གའི་དཔལ་འབྱོར་ནང་ཕྱི་ཕྱོགས་ཞུགས་རྒྱུའི་ཐབས་ལམ་རྒྱ་སྐྱེད་བཏང་ཡོད། འོན་ཀྱང་། མིག་སྔར་ཨ་ཧྥེ་རི་ཁར་འཕེལ་རྒྱས་རྗེས་ལུས་དང་། རྨང་གཞིའི་སྒྲིག་བཀོད་དཀོན་པ་སོགས་ཀྱི་གནས་ཚུལ་ཡོད། རྨང་གཞིའི་སྒྲིག་བཀོད་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གཙོ་བོའི་གྲས་ཤིག་ཡིན་པས་ཐེངས་འདིའི་ཚོགས་འདུས་རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་བྱེད་པའི་ཡིད་དབང་འགུགས་རྒྱུ་དེ་དོ་སྣང་བྱེད་ས་གཙོ་བོ་ཞིག་ལ་བཞག་ཡོད་ཅེས་བརྗོད་པ་རེད།
     ཨ་ཧྥེ་རི་ཁའི་གསར་སྤེལ་དངུལ་ཁང་གི་ཧང་ཀྲང་ཨ་ཅིན་ཝུའུ་སྨི·ཨ་ཏི་ཤི་ནས་ཚོགས་འདུའི་རིང་འབྲེལ་ཡོད་ཕྱོགས་ཁག་གིས་མ་འཇོག་རྣམ་གྲངས་59ལ་གྲོས་བསྡུར་བྱེད་པའི་ནང་ནུས་རྒྱུ་དང་། དངུལ་རྩའི་ཞབས་ཞུ། སྡོད་ཁང་། ཁེ་ལས་འབྲིང་ཆུང་གི་རྒྱབ་སྐྱོར་སོགས་ཁྱབ་ཁོངས་ཚུད་ཡོད་ཅེས་བརྗོད་པ་རེད།