འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་15ཉིན།

༄༅།།ཀྲུང་དབྱང་དྲིལ་བསྒྲགས་པུས་2020ལོའི་ལོ་འཁོར་གྱི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམས་
སྤེལ་ལས་དོན་བཀོད་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་15ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་13ཉིན་གློག་འཕྲིན་འབྱོར་གསལ། 2020ལོའི་ལོ་འཁོར་གྱི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམས་སྤེལ་ལས་དོན་གྱི་བརྙན་ལམ་ཚོགས་འདུ་ཚེས་13ཉིན་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་དུས་བབ་གསར་པའི་འོག ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམས་སྤེལ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས་མི་དམངས་ཉིན་རེའི་ཚགས་པར་དང་། 《བདེན་འཚོལ》དུས་དེབ། དེ་བཞིན་འོད་ཟེར་ཚགས་པར། དཔལ་འབྱོར་ཉིན་རེའི་ཚགས་པར་སོགས་ཀྲུང་དབྱང་གི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་གལ་ཆེན་འགྲེམས་སྤེལ་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་བརྒྱུད་སྤེལ་བྱེད་ཤུགས་དང་། ཁྲིད་སྟོན་བྱེད་ཤུགས། ཤུགས་རྐྱེན་ཐེབས་ཤུགས། སྤྱི་མོས་ཐོབ་ཚད་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
     ཚོགས་འདུའི་ཐོག་ས་གནས་ཁག་དང་སྡེ་ཚན་ཁག་ལ་བྱེད་ཐབས་ནུས་ལྡན་སྤྱད་ནས་སྔོན་ནས་མངགས་པའི་ལས་འགན་དོན་འཁྱོལ་དང་། སྔོན་ནས་མངགས་པའི་གྲོན་དངུལ་འགན་ལེན། ལས་ཀའི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་བཅས་བྱས་ཏེ་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམས་སྤེལ་བརྟན་པོ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཀློག་པ་པོའི་བསམ་གཞིག་ལ་ཤུགས་སྣོན་བརྒྱབ་སྟེ་ཚན་རིག་དང་མཐུན་པའི་སྒོ་ནས་འགྲེམས་སྤེལ་འཆར་གཞི་བཟོ་བ་དང་དཔེ་སྐྲུན་ཁུལ་ཇུས་བཀོད་ལེགས་སྒྲིག འགྲེམས་སྤེལ་དྲ་རྒྱ་དང་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། འགྲེམས་སྤེལ་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ། ཚགས་པར་དང་དུས་དེབ་འགྲེམས་སྤེལ་གྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་པོ་བྱས་ནས་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་དང་སྒྲིག་འགལ་འགྲེམས་སྤེལ་བཅོས་སྒྲིག་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ། འགན་འཁྲི་བདའ་འདེད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་མིན་པའི་སྒྲིག་འགལ་འགྲེམས་སྤེལ་གྱི་སྣང་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།