འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་14ཉིན།

༄༅༎ས་མཐོར་ལྷོ་རྒྱུད་ཀྱི་དྲང་སྲོང་མེ་ཏོག་དཀར་པོ་རབ་ཏུ་བཞད།

ཀྲེ་ཅང་དང་སི་ཁྲོན་གྱིས་ཤར་ནུབ་མཉམ་ལས་ཀྱི་དབུལ་སྐྱོར་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་14ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     “ཟླ་བདུན་པ་དང་བརྒྱད་པར་འདི་གར་མེ་ཏོག་ཁྲ་ཆི་ལེར་བཞད་ཀྱི་ཡོད་མོད། དྲང་སྲོང་མེ་ཏོག་དཀར་པོ་འདེབས་ཐེངས་དང་པོར་ཟླ་དགུ་པར་ཡང་ད་དུང་བཞད་ཁ་ཕྱེ་མ་སོང་། ངའི་བསམ་པར་སོན་ནོར་བ་མིན་ནམ་སྙམ་བྱུང་། རྗེས་སུ་རི་ཀླུང་གང་སར་དྲང་སྲོང་མེ་ཏོག་དཀར་པོ་རབ་ཏུ་བཞད་དེ་ཐོན་འབབ་མང་ལ་རིན་གོང་མཐོ་བ་མ་ཟད། ཚོན་མདོག་གྱུར་ནས་འཇའ་མཚོན་ལྟར་བཀྲག་མདངས་ལྷག་པར་ཆེ”
     མི་རབས་ནས་མི་རབས་བར་སི་ཁྲོན་རྔ་པ་ཁྲོ་ཆུ་རྫོང་བྱར་དབོ་གྲོང་ཚོར་འཚོ་སྡོད་བྱེད་པའི་རིན་ཆེན་ལ་2019ལོའི་ཟླ་བཅུ་པར་ས་བབ་སྨི་3000ཙམ་གྱི་ཁྲོན་བོད་ས་མཐོ་ནས་དྲང་སྲོང་མེ་ཏོག་དཀར་པོའི་ཐོན་འབབ་ལེགས་པོ་བྱུང་བ་དང་། མེ་ཏོག་གི་སོན་ནི་སྤྱི་ལེ་2000ལྷག་གིས་བར་ཆོད་པའི་ཀྲེ་ཅང་ཞིང་ཆེན་ཐུང་ཤང་གྲོང་ཁྱེར་ནས་ཁྱེར་ཡོང་བ་ཞིག་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་ཀྲེ་ཅང་ཞིང་ཆེན་གྱིས་སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་ཁྲོ་ཆུང་རྫོང་གི་གྲོང་ཚོ་དབུལ་པོར་ཁ་གཏད་རོགས་སྐྱོར་གྱི་ཐོན་ལས་གསོ་སྦྱོང་གི་རྣམ་གྲངས་གྲས་ཤིག་རེད། རྟོག་ཞིབ་གང་ལེགས་བྱས་པའི་རྨང་གཞིའི་ཐོག་ས་གནས་དེ་གའི་ཞིང་ལས་སྐྱེ་དངོས་འདེབས་རྒྱ་ཆུང་བ་དང་། སོན་གྱི་ཐོན་ཁུངས་རྐྱང་པ། སྲོལ་རྒྱུན་གྱི་གསོ་ཚགས་བྱེད་སྟངས་སོགས་ཀྱི་གནས་བབ་ལ་དམིགས་ཏེ། ཀྲེ་ཅང་ཏུང་ཤང་གིས་ཁྲོ་ཆུར་ཁྱད་ལྡན་གྱི་ལྗང་སོན་སྤུས་ལེགས་དང་སྤུད་ཚད་མཐོ་བའི་འདེབས་གསོའི་ཉམས་མྱོང་ལག་རྩལ་མཁོ་འདོན་གྱི་རོགས་སྐྱོར་ཇུས་གཞི་བཟོས།
     དྲང་སྲོང་མེ་ཏོག་དཀར་པོ་ནི་ལྷོ་རྒྱུད་ཀྱི་དམིགས་བསལ་སྐྱེ་དངོས་ཤིག་ཡིན་པ་དེ་ས་མཐོར་འཕྲོད་ཐབས་ཇི་ལྟར་བྱེད་དགོས་སམ། “སྐྱེ་དངོས་དེ་རིགས་གསོ་བདེ་བ་དང་། སྐྱེ་འཚར་མགྱོགས་པ། ཐོན་འབབ་མང་ལ་རིན་གོང་མཐོ་བ་བཅས་ཡོད་པ་མ་ཟད། གཙོ་ཆེ་ཤོས་གཅིག་ནི་མེ་ཏོག་བཏུས་ནས་སྐམ་གསེད་བཏང་ན་རུལ་གྱི་མེད་པས། དབོར་བདེ་པོ་ཡོད། ན་ནིང་རྐང་6000ཚོད་འདེབས་བྱས་པར་དུས་ཚིགས་གསུམ་པའི་མེ་ཏོག་སྐམ་པོའི་ཐོན་འབབ་རྒྱ་མ་20ལྷག་ཟིན་འདུག མིག་སྔར་མེ་ཏོག་ཁག་དེར་ཞིབ་དཔྱད་བྱེད་བཞིན་ཡོད་པ་དང་། མཐའ་མའི་ཚད་ལོན་པའི་སྙན་ཞུ་རག་རྗེས་ང་ཚོས་དྲང་སྲོང་མེ་ཏོག་དཀར་པོའི་འདེབས་ཁྱོན་ཆེ་རུ་གཏོང་རྩིས་ཡོད”ཅེས་ཁྲོ་ཆུ་རྫོང་བྷ་དབོ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་ཝང་མའོ་ཡིས་བརྗོད།
     ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་ཚུན་དུ་ཀྲེ་ཅང་གི་ཁྱད་ཆོས་ལྡན་ཤོས་ཀྱི་དྲང་སྲོང་མེ་ཏོག་དཀར་པོ་དང་། ཙུད་ལི། ཀོ་སང་སོགས་ལྗང་སོན་སྤུས་ལེགས་སྣ་ཁ་15སྔ་རྗེས་སུ་སི་ཁྲོན་ཁུལ་དུ་བཏབ། ཀྲེ་ཅང་དང་སི་ཁྲོན་ས་ཁུལ་གཉིས་ཀྱིས་ཤར་ནུབ་མཉམ་ལས་ཀྱི་དབུལ་སྐྱོར་བྱེད་རིང་ཐོག་མཐའ་བར་གསུམ་དུ་ཡུལ་བབ་དང་བསྟུན་པ་དང་བབ་བསྟུན་སྣེ་ཁྲིད་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། གཅིག་ནས་ཤར་ནུབ་སྦྲེལ་མཐུད་ལ་ཚད་བརྒལ་དང་གསར་གཏོད་ཡོད་པ་དང་། གཉིས་ནས་ཐོན་ལས་ས་ཆུ་འཕྲོད་ཐབས་བྱས།
     “ང་ཚོས་ཆེད་མངགས་ཏང་ཡོན་ཤེས་རམས་པ་དང་རིགས་གཅིག་མཁས་ཅན་ཀྱི་ཞབས་འདེགས་ཚོགས་པ་སྒྲིག་འཛུགས་བྱས་ནས་སི་ཁྲོན་དུ་མངགས་ཏེ། ལས་ཡུལ་དངོས་སུ་རོགས་ཁྲིད་དང་རྒྱང་ཁྲིད་བརྙན་ལམ་སློབ་ཁྲིད་ལ་བརྟེན་ནས་སྔོན་ལ་ས་གནས་དེ་གའི་ཞིང་ལས་ལག་རྩལ་བར་རོགས་སྐྱོར་དང་དེ་ནས་རྒྱ་ཆེའི་ཞིང་དུད་ལ་སྣེ་ཁྲིད་བྱས་ནས། ཀྲེ་ཅང་གི་ལྗང་སོན་ཁྲོན་བོད་ས་མཐོར་མེ་ཏོག་བཞད་ནས་འབྲས་བཟང་སྨིན་པའི་འགན་ལེན་བྱེད་ཀྱི་ཡོད”ཅེས་ཁྲོ་ཆུ་རྫོང་གི་གནས་སྦྱར་ལས་བྱེད་པ་ཏུང་ཤང་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཡན་ཡུད་ཀྱིས་བརྗོད།
     མིག་སྔའི་བར་དུ་ཁྲོ་ཆུ་རྫོང་གིས་དྲང་སྲོང་མེ་ཏོག་དཀར་པོ་སོགས་སྐྱེ་དངོས་སྤུས་ལེགས་མུའུ་80ལྷག་ཙམ་བཏབ་ནས། ཞིང་དུད་185ཡི་སྣེ་འཁྲིད་པ་དང་ཞིང་པར་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་བྱུང་ཡོད། 2020ལོར་གྲང་ཕྲེང་གྲང་མཛོད་སོགས་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་རྒྱུན་མཐུད་བཞག་པ་དང་བསྟུན་ཏེ། ས་མཐོའི་སྔོ་ལྗང་དང་ཁོར་ཡུག་སྲུང་སྐྱོང་གི་ཤིང་ཏོག་དང་སྔོ་ཚལ་རྒྱལ་ཡོངས་ཀྱི་ཁྲོམ་རར་འདོན་ཐུབ་རེ་ཡོད།