འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་14ཉིན།

༄༅།།ཀྲུང་གོ་ཚན་ཞིབ་ཀྱི་རྒྱལ་སྤྱིའི་མཉམ་ལས་བྱེད་ཤུགས་མུ་མཐུད་ཆེ་རུ་ཕྱིན་པ།

—— ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དབྱིན་ཇི་གོང་མ་ཚང་བཟོ་སྐྲུན་ཁང་གི་ཕྱི་ཁོངས་ཡོན་ཧྲི་ཝུའུ་ཅན་ཕིང་ལ་བཅར་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་14ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཅ་ཝུའེ་ཡིས།
“ཉེ་བའི་ལོ་ཤས་རིང་ཀྲུང་གོ་ཚན་ཞིབ་ཀྱིས་རྒྱལ་སྤྱི་དང་མཉམ་ལས་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་བ་དང་ཆབས་ཅིག ཁྱབ་ཁོངས་འགའ་ཞིག་གི་ཚན་ཞིབ་ཆུ་ཚད་ཀྱང་རྒྱལ་སྤྱིའི་རྩེར་སོན་དུ་སླེབས་ཡོད”ཅེས་འདི་ལོ་དབྱིན་ཇི་གོང་མ་ཚང་བཟོ་སྐྲུན་ཁང་གི་ཕྱི་ཁོངས་ཡོན་ཧྲིར་བདམས་ཐོན་བྱུང་བའི་དགེ་རྒན་ཆེ་མོ་བ་ཝུའུ་ཅན་ཕིང་གིས་ལོན་ཏོན་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།
    དབྱིན་ཇི་གོང་མ་ཚང་བཟོ་སྐྲུན་ཁང་གིས་ཉིན་ཤས་གོང་དུ་ཡོན་ཧྲིར་བདམས་ཐོན་བྱུང་བའི་ཁག་ཐེངས་གསར་པའི་མིང་ཐོ་དངོས་སུ་ཡོངས་བསྒྲགས་བྱས་པའི་ནང་ཕྱི་ཁོངས་ཡོན་ཧྲི་4ཡོད་པ་རེད། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཆིང་ཧྭ་སློབ་ཆེན་རྩིས་འཁོར་ཚན་རིག་དང་ལག་རྩལ་ཚན་ཁག་གི་ཀྲུའུ་རེན་དགེ་རྒན་ཆེ་མོ་བ་ཝུའུ་ཅན་ཕིང་ནི་བདམས་ཐོན་བྱུང་བའི་ཀྲུང་གོའི་མཁས་དབང་གཅིག་པུ་དེ་རེད། དེ་ཡང་དབྱིན་ཇི་གོང་མ་ཚང་བཟོ་སྐྲུན་ཁང་གིས་དེ་ལྟར་འདེམས་དགོས་པའི་རྒྱུ་མཚན་ནི། དགེ་རྒན་ཆེ་མོ་བ་ཝུའུ་ཅན་ཕིང་གིས་ཀྲུང་གོ་ཙམ་མ་ཟད་ཐ་ན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་དྲ་སྦྲེལ་གསར་སྤེལ་དང་འཕེལ་རྒྱས་ཁྲོད་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་བར་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་གལ་ཆེན་ལྡན་པ་མ་ཟད། ད་དུང་རྒྱལ་སྤྱིའི་དྲ་སྦྲེལ་མ་ལག་གྲུབ་ཆའི་ལས་གྲྭ་དང་འགག་རྩའི་ལག་རྩལ་གྱི་ཁྱབ་ཁོངས་ཁྲོད་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་བཏོད་པས་ཀྱང་རེད།
      ཝུའུ་ཅན་ཕིང་གིས་སྒྲུབ་པའི་རྩིས་འཁོར་དྲ་རྒྱའི་ལག་རྩལ་ཁྱབ་ཁོངས་ནང་རྒྱལ་སྤྱི་དང་མཉམ་ལས་བྱས་པ་ཧ་ཅང་མང་པོ་ཡོད་པ་མ་ཟད། ཁོང་གིས་ཉེ་བའི་ལོ་ཤས་ནང་ཀྲུང་ཕྱིའི་ཚན་ཞིབ་མཉམ་ལས་དང་སྤེལ་རེས་རིམ་བཞིན་ཟབ་ཏུ་འགྲོ་བའི་བརྒྱུད་རིམ་ར་སྤྲོད་ཀྱང་བྱས་ཤིང་། ཁོང་གིས“ལོ་25ཡི་གོང་དུ་ཀྲུང་གོའི་སློབ་གསོ་དང་ཚན་ཞིབ་རྩིས་འཁོར་དྲ་རྒྱ་འཛུགས་འགོ་ཚུགས་པ་ནས་བཟུང་། རྒྱལ་སྤྱིའི་དབར་གྱི་སློབ་གསོ་དང་ཚན་ཞིབ་ཐད་ཀྱི་རིག་གཞུང་སྤེལ་རེས་དང་མཉམ་ལས་ཇེ་མང་དུ་སོང་ཡོད་པ་དང་། ཀྲུང་གོ་དང་ཨ་རི་དང་། ཀྲུང་གོ་དང་ཡོ་རོབ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་བཅས་ཀྱི་ཚན་ཞིབ་ལས་དོན་པ་ཚོས་རིག་གཞུང་རྩིས་འཁོར་གྱི་དྲ་རྒྱ་བརྒྱུད་གཏིང་ཟབ་ལ་དགེ་མཚན་ལྡན་པའི་རིག་གཞུང་སྤེལ་རེས་དང་མཉམ་ལས་བྱས་དང་བྱེད་མུས་ཡིན”ཞེས་བརྗོད།
     ལོ་མང་གི་ཚན་ཞིབ་འགྱུར་ལྡོག་བརྒྱུད་མྱོང་བའི་ཝུའུ་ཅན་ཕིང་གིས་ན་གཞོན་ཚན་ཞིབ་མི་སྣ་མི་ཉུང་བ་ཞིག་ལ་མཛུབ་ཁྲིད་བྱེད་མྱོང་ཡོད། ཁོང་གིས། ཀྲུང་གོའི་ཚན་ཞིབ་ཀྱི་ཁོར་ཡུག་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། ལྷག་དོན་དུ་ན་གཞོན་ཚན་ཞིབ་མི་སྣར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ལ། ཀྲུང་གོས་ཚན་ཞིབ་ལས་དོན་ལ་མ་དངུལ་གཏོང་ཤུགས་ཀྱང་བསྡུར་ཚད་མཐོ་པོའི་ཐོག་རྒྱུན་འཁྱོངས་བྱེད་བཞིན་ཡོད་པའི་ངོས་འཛིན་བྱས། “ཉེ་དུས་ཀྱི་ཚན་ཞིབ་གྲུབ་འབྲས་ལས་ཀྱང་ཀྲུང་གོས་ཚན་ཞིབ་ལས་དོན་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་མཚོན་གྱི་ཡོད”ཅེས་ཁོང་གིས་བརྗོད།