མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ཐུང་ཕཱ་ཕུའུ་ལུའོ་ཕུའུ་ལུའོ་སི་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་13ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཐེན་སིར་ཀེ་རི་སེའི་ཙུང་ཐུང་ཕཱ་ཕུའུ་ལུའོ་ཕུའུ་ལུའོ་སི་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཕཱ་ཕུའུ་ལུའོ་ཕུའུ་ལུའོ་སིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོག་བཞིན་པ།

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཐེན་སིར་ཀེ་རི་སེའི་ཙུང་ཐུང་ཕཱ་ཕུའུ་ལུའོ་ཕུའུ་ལུའོ་སི་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཕཱ་ཕུའུ་ལུའོ་ཕུའུ་ལུའོ་སིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོག་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་ཨ་ཐེན་སི་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཐེན་སིར་ཀེ་རི་སེའི་ཙུང་ཐུང་ཕཱ་ཕུའུ་ལུའོ་ཕུའུ་ལུའོ་སི་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཚད་བརྟན་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་ཟབ་ཏུ་གཏོང་བ། ཤེས་དཔལ་གླེང་མོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ཤར་ནུབ་ཕྱོགས་ཀྱི་གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཀྱི་བློ་གྲོས་ལེགས་སྐྱེས་འབུལ་རྒྱུའི་མོས་མཐུན་གནང་བ་རེད།
     ཞི་ཅིན་ཕིང་གིས། ངས་ཤེས་དཔལ་ལ་བརྩི་འཇོག་དང་འབྱུང་འགྱུར་ལ་རེ་བ་བཅངས་ནས་ཀེ་རི་སེར་ཡོང་བ་ཡིན། ཁྱེད་དང་ང་གཉིས་གླེང་མོལ་གནང་ཐེངས་རེ་དང་ཀྲུང་གོ་དང་ཀེ་རི་སེའི་དབར་སྤེལ་རེས་གནང་ཐེངས་རེ་ཚང་མར“གྲོགས་བཟང་འཕྲད་སྐབས་དུས་ཚོད་ཐུང་བའི”ཚོར་སྣང་ཡོང་གི་འདུག གང་ཡིན་ཞེ་ན། གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཀྲུང་གོ་དང་ཀེ་རི་སེའི་དབར་ཕན་ཚུན་འབྲེལ་མཐུད་དམ་ཡང་ན་ཆ་འདྲ་བའི་འདུ་ཤེས་ཡོད་པ་དང་ང་ཚོ་ཚང་མས་དཀའ་སྤྱད་ཚད་མེད་ཀྱི་འབད་འཐབ་བརྒྱུད་གཞི་ནས་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་མངོན་འགྱུར་བྱུང་བས་ཡིན། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དེ་ནི་ཤེས་དཔལ་འཕེལ་རྒྱས་ཀྱི་ངོ་བོའི་བླང་བྱ་རེད། ཀྲུང་གོ་དང་ཀེ་རི་སེའི་མཛའ་གྲོགས་ནི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཤིག་རེད་ལ། ཤེས་དཔལ་ཆེན་པོ་གཉིས་ཀྱི་གླེང་མོལ་ཞིག་ཀྱང་རེད། ད་ཆ་འཛམ་གླིང་གིས་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བརྒྱུད་བཞིན་ཡོད་པས། ངས་རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱེད་པ་དང་། མཉམ་ལས་ཟབ་ཏུ་གཏོང་བ། ཡུལ་དུས་མི་བལྟོས་པའི་ཤེས་དཔལ་གྲུབ་འབྲས་བཅས་ཀྱི་ཐོག་ནས་མཉམ་སྡུད་མཉམ་གསོག་གི་ཤེས་དཔལ་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་དེ་བས་གཞུང་དྲང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་སྲོལ་གཏོད་བྱས་ཏེ་ཀྲུང་གོ་དང་ཀེ་རི་སེའི་གནའ་བོའི་ཤེས་དཔལ་རྒྱལ་ཁབ་གཉིས་པོར་དུས་རབས་གསར་པར་འོད་སྟོང་གསར་པ་འཕྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
     གཅིག་ནི། ཕན་ཚུན་ཡིད་ཆེས་དང་གཉིས་ཁེ་གཉིས་ཕན་གྱི་མཛའ་གྲོགས་ཀྱི་མིག་དཔེ་གཏོད་དགོས། རིམ་པ་ཁག་གི་འགྲོ་འོང་ཟབ་ཏུ་གཏོང་བ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་བཏང་ནས་ཕན་ཚུན་གཉིས་ཀྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕ་རོལ་ཕྱོགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་ཀྱི་སྐམ་མཚོའི་མགྱོགས་ལམ་དེ་ཀྲུང་གོ་དང་ཡོ་རོབ་ཀྱི་དངོས་ཟོག་སྐྱེལ་འདྲེན་དང་གཉིས་སྦྲེལ་གཉིས་མཐུད་ཀྱི་འགྲོ་ལམ་གལ་ཆེན་དུ་བསྐྲུན་དགོས། རིག་གནས་དང་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སོགས་ཁྱབ་ཁོངས་སྤེལ་རེས་ཟབ་ཏུ་བཏང་ནས་མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་དགོས།
     གཉིས་ནི། སྒོ་དབྱེ་དངོས་གཉེར་གྱི་སྒོ་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་མིག་དཔེ་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀེ་རི་སེ་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་དབར་གྱི་མཉམ་ལས་དང་དེ་བཞིན་ཀྲུང་གོ་དང་ཡོ་རོབ་ཀྱི་ཁྱོན་ཡོངས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
     གསུམ་ནི། རིག་གནས་སྤེལ་རེས་དང་ཤེས་དཔལ་ཐད་ཕན་ཚུན་དཔྱད་གཞིར་འཛིན་པའི་མིག་དཔེ་གཏོད་དགོས། མིའི་རིགས་ཀྱིས་བླ་ན་མེད་པའི་བསམ་པའི་འཁྱེར་སོ་རྒྱུན་འཁྱོངས་དང་དོན་གཉེར་བྱེད་པ་ལས། རང་ཕན་རིང་ལུགས་ལག་བསྟར་བྱས་ཏེ་ཁེ་ཕན་ཁོ་ན་སྒྲུབ་ཐབས་བྱེད་མི་རུང་། ཀྲུང་གོ་བས་གནའ་སྔ་མོ་ནས་བཟུང“རང་གིས་སྒྲུབ་མི་འདོད་པ་གཞན་ལ་བྱེད་དུ་མི་འཇུག་པ”དང་། “གནམ་འོག་སྤྱི་ལ་དབང་བ་ཡིན་པ”“སྤྱི་འབངས་ཞི་བདེར་རོལ་བ”བཅས་ཀྱི་འདུ་ཤེས་འཛིན་གྱི་ཡོད། ཀྲུང་གོས་རྒྱལ་ཁབ་སྟོབས་འབྱོར་ལྡན་ན་བཙན་བདག་གཉེར་རིགས་གཏན་ནས་བྱེད་མི་སྲིད་ལ། རྒྱལ་ཕམ་རོལ་རྩེད་ཡང་བརྩེ་མི་སྲིད། གང་ཡིན་ཞེ་ན། ཀྲུང་གོ་བར་གནའ་སྔ་མོ་ནས་བཟུང་རིག་གནས་ཀྱི་གཞི་རྒྱུ་དེ་རིགས་མེད་པས་རེད་ལ། ཧམ་སེམས་དེ་རིགས་མེད་པས་ཀྱང་རེད། ཀྲུང་གོའི་འཕེལ་རྒྱས་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེའི་སྟོབས་ཤུགས་ཇེ་ཆེར་འགྲོ་བའི་རྩ་བ་ཡིན། ཀྲུང་གོ་དང་ཀེ་རི་སེ་ཕྱོགས་གཉིས་པོས་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུར་རྒྱབ་སྐྱོར་དང་ཤེས་དཔལ་གདོང་ཐུག་གི་གཏམ་འཆལ་ལ་ངོ་རྒོལ་བྱེད་དགོས། ཕྱོགས་གཉིས་པོས་རང་ངོས་རིག་གནས་ཀྱི་རྨང་གཞིའི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ཏེ་ཤེས་དཔལ་མི་འདྲ་བ་དང་དེ་བཞིན་རྒྱལ་ཁབ་ཁག་གི་མི་དམངས་ཞི་མཐུན་མཉམ་གནས་ཀྱི་ཐབས་ལམ་ཐུན་མོང་ཐོག་གཏོད་དེ་དེང་གི་འཛམ་གླིང་གི་ཞི་བདེ་དང་མིའི་རིགས་ཀྱི་ཡར་ཐོན་ལ་ཕན་ཡོད་ཀྱི་བློ་སྒོ་འབྱེད་པའི་བྱེད་ཐབས་དེ་བས་མང་བ་མཁོ་འདོན་བྱེད་དགོས།
     བཞི་ནི། མཐུན་སྦྱོར་གཞོགས་འདེགས་བྱས་ནས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་པའི་མིག་དཔེ་གཏོད་དགོས། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཉམ་ལས་ཟབ་ཏུ་གཏོང་བ་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་རྒྱུར་གཞོལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
     ཕཱ་ཕུའུ་ལོའུ་ཕུའུ་ལུའོ་སིས་ཀེ་རི་སེའི་མི་དམངས་ཀྱིས་ཀྲུང་གོར་བཅོས་མིན་གྱི་བརྩེ་སེམས་ཟབ་མོ་བཅངས་ཡོད། དེ་ནི་ཀེ་རི་སེ་དང་ཀྲུང་གོ་ནི་གནའ་བོའི་ཤེས་དཔལ་རྒྱལ་ཁབ་གཅིག་ཡིན་པས་རེད། ཀེ་རི་སེས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70ཡི་རིང་ཐོབ་པའི་སྤྱིར་བཏང་མིན་པའི་གྲུབ་འབྲས་ལ་སྙིང་དབུས་ནས་དགའ་ཚོར་སྐྱེ་གི་འདུག ཀེ་རི་སེ་དང་ཀྲུང་གོས་ཤེལ་དཔལ་མི་འདྲ་བའི་དབར་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་དང་། སྐྱོན་སྤངས་དགེ་སྒྲུབ། སྤེལ་རེས་གླེང་མོལ། ཞི་བདེ་མཉམ་གནས་བཅས་ཀྱི་འདོད་ཚུལ་འཛིན་དགོས། ཀེ་རི་སེས“ཤེས་དཔལ་གྱི་གདོང་ཐུག་སྨྲ་བ”ཞེས་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། གང་ཡིན་ཞེ་ན། དོན་སྙིང་ངོ་མ་ལྡན་པའི་ཤེས་དཔལ་ལ་གདོང་ཐུག་ཡོང་མི་སྲིད་པ་དང་གདོང་ཐུག་གིས་ཀྱང་གནད་དོན་ཐག་གཅོད་བྱེད་མི་ཐུབ་པས་ཡིན། རྒྱལ་ཁབ་གཅིག་གིས“ཤེས་དཔལ་གྱི་གདོང་ཐུག་སྨྲ་བ”ཞེས་པ་སྤྱད་དེ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟོ་བ་དེ་ནི་ཁུངས་ལུང་མེད་པ་ཞིག་དང་ཧ་ཅང་གནོད་ཚབས་ཆེ་བ་ཞིག་རེད། ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་སྲོལ་རྒྱུན་དང་དེང་གི་ཀྲུང་གོས་ཉིན་རེ་བཞིན་སྒོ་མོ་འབྱེད་པ་དང་། ཡར་ཐོན། འཕེལ་རྒྱས་བཅས་ཀྱི་དོན་དངོས་གང་ཞིག་ཚང་མ་ལས་ཀྲུང་གོས་ནུས་ཤུགས་ཡོད་རྒུས“ཤེས་དཔལ་གྱི་གདོང་ཐུག་སྨྲ་བ”དང“རྒྱལ་ཁབ་སྟོབས་ལྡན་དུ་གྱུར་ན་བཙན་བདག་གཉེར་ངེས་སྨྲ་བ”ཟེར་བར་རྒོལ་ལན་བསློགས་ཡོད། གཏན་འཁེལ་རང་བཞིན་མེད་པའི་དེང་སྐབས་འཛམ་གླིང་ལ་ཀྲུང་གོས་ཞི་བདེ་དང་། ཞི་མཐུན། དོ་སྙོམས་བཅས་ཀྱི་འདོད་ཚུལ་འཛིན་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱ་རྒྱུར་ཧ་ཅང་ཕན་འབྲས་ལྡན་པའི་དཔེ་ལྟ་ས་དང་ཇུས་གཞི་མཁོ་འདོན་བྱས་ཡོད། ཀེ་རི་སེས་ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་མུ་མཐུད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་དང་རིག་གནས་སོགས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། ཀྲུང་གོ་ཕྱོགས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཧུར་ཐག་ཀྱང་བྱ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་པ་དེས་ཀེ་རི་སེ་དང་ཀྲུང་གོའི་འབྲེལ་བ་དུས་རབས་གསར་པར་བསྐྱོད་རྒྱུ་དང་མཐོ་ཚད་གསར་པར་སླེབས་རྒྱུར་ཡིད་ཆེས་ཡོད། ཀེ་རི་སེ་ཕྱོགས་ཀྱིས་མུ་མཐུད་ཀྲུང་གོ་ཕྱོགས་དང་མཉམ་དུ་གཞོལ་ནས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཡོ་རོབ་དབུས་ཤར་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་མཉམ་དུ་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་དང་མིའི་རིགས་ཀྱི་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
     གྲོས་མོལ་མ་གནང་གོང་། ཕཱ་ཕུའུ་ལུའོ་ཕུའུ་ལུའོ་སིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་པ་རེད།

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཐེན་སིར་ཀེ་རི་སེའི་ཙུང་ཐུང་ཕཱ་ཕུའུ་ལུའོ་ཕུའུ་ལུའོ་སི་དང་གྲོས་མོལ་གནང་བ་རེད། གྲོས་མོལ་མ་གནང་གོང་ཕཱ་ཕུའུ་ལུའོ་ཕུའུ་ལུའོ་སིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་ཤིང་། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཕཱ་ཕུའུ་ལུའོ་ཕུའུ་ལུའོ་སི་དང་སྐུ་ཟླ་ཧྥེ་ལཱ་ཤིས་ཡཱ་དང་ལྷན་བཞུགས་སྐུ་པར་སྒྲོན་བཞིན་པ།
ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཐེན་སིར་ཀེ་རི་སེའི་ཙུང་ཐུང་ཕཱ་ཕུའུ་ལུའོ་ཕུའུ་ལུའོ་སི་དང་གྲོས་མོལ་གནང་བ་རེད། གྲོས་མོལ་མ་གནང་གོང་ཕཱ་ཕུའུ་ལུའོ་ཕུའུ་ལུའོ་སིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་ཤིང་། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཕཱ་ཕུའུ་ལུའོ་ཕུའུ་ལུའོ་སི་དང་སྐུ་ཟླ་ཧྥེ་ལཱ་ཤིས་ཡཱ་དང་ལྷན་བཞུགས་སྐུ་པར་སྒྲོན་བཞིན་པ།

  
style="display:none;"