འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་13ཉིན།

༄༅།།ཕུའུ་ཅིང་གིས་མི་ཐབས་རིག་ནུས་དང་རྒྱལ་ཁབ་ཀྱི་འབྱུང་འགྱུར་འབྲེལ་བ་ཡོད་ཅེས་ནན་
བཤད་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་13ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་མོ་སི་ཁོར“མི་ཐབས་རིག་ནུས་ཡུལ་སྐོར”གྱི་རྒྱལ་སྤྱིའི་ཚོགས་འདུ་སྐབས་དང་པོར་ཞུགས་སྐབས། མི་ཐབས་རིག་ནུས་ལ་མི་མངོན་པའི་ནུས་པ་ཧ་ཅང་ཆེན་པོ་ལྡན་ཡོད། སུ་ཞིག་གིས་མི་ཐབས་རིག་ནུས་ལ་སྟངས་འཛིན་ཐུབ་ན་སུ་བ་གླང་མི་ཁྱུ་བཞིན། ཀུན་གྱི་གོང་དུ་བུད་ནས་འགྲན་རྩོད་ཀྱི་ལེགས་ཆ་ཧ་ཅང་ཆེན་པོ་ལྡན་སྲིད། དེས་ན་མི་ཐབས་རིག་ནུས་དང་རྒྱལ་ཁབ་ཀྱི་འབྱུང་འགྱུར་འབྲེལ་བ་ཡོད་པས། ཨུ་རུ་སུའི་ལས་རིགས་ཁག་གིས་ངེས་པར་དུ་མི་ཐབས་རིག་ནུས་ཞིབ་སྤེལ་བཀོལ་སྤྱོད་བྱ་གཞག་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་བརྗོད།
    ཨུ་རུ་སུའི་ཙུང་ཐུང་གིས་དྲ་ཚིགས་ཐོག་ཚེས་9ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཕུའུ་ཅིང་གིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་སྐབས། མི་ཐབས་རིག་ནུས་ཞིབ་སྤེལ་གྱི“སྐུལ་འདེད་འཕྲུལ་ཆས”ནི་གཞི་གྲངས་དང་ཆ་འཕྲིན་འབོར་ཆེན་ཞིག་རེད། གཞི་གྲངས་དང་ཆ་འཕྲིན་དེ་དག་གི་སྤུས་ཚད་ཇི་ཙམ་མཐོ་ན། མི་ཐབས་རིག་ནུས་ཀྱིས་བཀོལ་སྤྱོད་བྱེད་པའི་རྩིས་རྒྱག་སྟངས་ལ་དེ་ཙམ་གྱིས་ནུས་པ་ལྡན་པ་དང་། དེའི་རིགས་འདེད་རྩིས་འབྲས་ཀྱང་དེ་བས་གནད་ལ་འཁེལ་བ་ཞིག་ཡོད། དེར་བརྟེན་ཨུ་རུ་སུའི་འབྲེལ་ཡོད་ཕྱོགས་ཀྱིས་མི་ཐབས་རིག་ནུས་ཞིབ་སྤེལ་བྱེད་མཁན་ལ་གཞི་གྲངས་ཀྱི་ཆ་འཕྲིན་འདང་ངེས་རག་པའི་འགལ་རྐྱེན་མེད་པར་བཟོ་དགོས་ཞེས་བརྗོད།
     ཕུའུ་ཅིང་གིས“ཨུ་རུ་སུས་ད་དུང་མི་ཐབས་རིག་ནུས་ཞིབ་སྤེལ་ཐད་མཁོ་བའི་ལས་རིམ་རྩོམ་སྒྲིག་མི་སྣ་དང་། རྩིས་རིག་དང་རྩིས་འཁོར་གྱི་བརྡ་སྤྲོད་རིག་པའི་ཆེད་ལས་མི་སྣ། གཞི་གྲངས་ཐག་གཅོད་དང་དེར་སློབ་སྦྱོང་གཏིང་ཟབ་བྱེད་པའི་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་བཅས་གསོ་སྐྱོང་ཤུགས་ཆེན་བྱས་ནས་མཐར་དཔལ་འབྱོར་དང་། ཚོང་དོན། སློབ་གསོ། འཕྲོད་བསྟེན། ཁྲིམས་འཛིན། དེ་བཞིན་ཁྱབ་ཁོངས་གཞན་དག་གི་ལས་དོན་མི་སྣ་ཚང་མས་དེ་དང་འབྲེལ་བ་ཡོད་པའི་མི་ཐབས་རིག་ནུས་ལག་རྩལ་ཤེས་རྟོགས་དང་བེད་སྤྱོད་བྱས་ནས་ཐོན་སྐྱེད་དང་དོ་དམ་གྱི་ལས་རིམ་གསར་པ་གཏོད་དགོས”ཞེས་བརྗོད།
     འགན་སྲུང་རོགས་རེས་ལས་དོན་སྐོར་གླེང་སྐབས། ཕུའུ་ཅིང་གིས་ཨུ་རུ་སུ་གཞུང་ཕྱོགས་ཀྱིས་ཨུ་རུ་སུའི་ཞིབ་སྤེལ་ལས་རིགས་ཀྱིས་མི་ཐབས་རིག་ནུས་གསར་གཏོད་དང་བེད་སྤྱོད་དར་སྤེལ་ཐད་རང་དབང་གི་ཚད་གཞི་ཚད་གཞི་ཆེ་ཤོས་ལྡན་དགོས་ཀྱི་ཡོད། དེར་སྟབས་བདེའི་ཉེན་ཁའི་མ་དངུལ་ལམ་སྲོལ་བཙུགས་ནས་དོ་དམ་དང་ཁྲིམས་སྲོལ་གྱི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱས་ཏེ།      ཨུ་རུ་སུར་གསར་དུ་བཙུགས་པའི་ཁེ་ལས་ཀྱིས་མི་ཐབས་རིག་ནུས་ཀྱི་ཐོན་རྫས་ཁྲོམ་རར་ཁྱབ་གདལ་གཏོང་བར་ཆ་རྐྱེན་ཡག་པོ་གཏོད་དགོས་ཞེས་ནན་བཤད་བྱས་པ་རེད།
ཨུ་རུ་སུའི་གསོག་འཇོག་དངུལ་ཁང་དང་། ཨུ་རུ་སུའི་དྲ་རྒྱའི་ཚན་རྩལ་ཁེ་ལས་Mail.Ruཚོགས་པས་གཙོ་གཉེར་བྱས་པའི“མི་ཐབས་རིག་ནུས་ཡུལ་སྐོར”གྱི་རྒྱལ་སྤྱིའི་ཚོགས་འདུ་སྐབས་དང་པོ་ཟླ་11ཚེས་8དང་9ཉིན་འཚོགས་ཤིང་། སུའེ་ཙེར་དང་། ཨ་རི། ཡུག་རེན། ཨུ་རུ་སུ་སོགས་རྒྱལ་ཁབ་དང་ས་ཁུལ་20ལྷག་ཙམ་གྱི་ཆེད་ལས་མི་སྣ་5000ལྷག་ཙམ་ཚོགས་འདུར་ཞུགས་ཡོད།