འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་13ཉིན།

༄༅།།དབྱི་རག་གི་རྡོ་སྣུམ་པུའུ་ཀྲང་གིས་རྡོ་སྣུམ་སྔོག་འདོན་དང་ཕྱིར་གཏོང་ལ་ཤུགས་རྐྱེན་གང་ཡང་ཐེབས་
མེད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་13ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པ་ཀ་ཏ་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། དབྱི་རག་གི་རྡོ་སྣུམ་པུའུ་ཀྲང་སཱ་སྨིར·ཅཱ་ཏེ་པན་གྱིས་དབྱི་རག་གི་རྡོ་སྣུམ་ཐོན་ཁུལ་གཙོ་བོའི་ལྷོ་རྒྱུད་དང་དབུས་རྒྱུད་ཞིང་ཆེན་གྱི་རྒོལ་གཏམ་གཏོང་བའི་རྔམ་སྟོན་བྱེད་སྒོ་ད་དུང་མཚམས་ཆད་མེད་ཀྱང་། རྡོ་སྣུམ་སྔོག་འདོན་དང་ཕྱིར་གཏོང་ལ་ཤུགས་རྐྱེན་གང་ཡང་ཐེབས་མེད་ཅེས་བརྗོད་པ་རེད།
     དབྱི་རག་རྡོ་སྣུམ་པུས་ཉིན་དེར་ཁྱབ་བསྒྲགས་བྱས་པའི་གསལ་བསྒྲགས་སུ། ཅཱ་ཏེ་པན་གྱི་སྐད་ཆ་ལུང་དྲངས་ནས་དབྱི་རག་གིས་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས(ཨེ་ཕེ་ཁེ)ཀྱིས་གཏན་འཁེལ་བྱས་པའི་རྡོ་སྣུམ་ཕྱིར་གཏོང་བགོ་སྐལ་ལེགས་སྒྲུབ་ལ་འབད་བརྩོན་བྱེད་བཞིན་ཡོད། མིག་སྔར་རྡོ་སྣུམ་སྔོན་འདོན་ཐད“སྐྱོན་སྤུ་ཙམ་ཡང་མེད”ཅེས་བརྗོད་ཡོད།
     ཟླ་བཅུ་པ་ནས་བཟུང་། དབྱི་རག་གི་ས་གནས་མང་པོར་རྒོལ་གཏམ་གཏོང་བའི་རྔམ་སྟོན་བྱེད་སྒོ་སྤེལ་ཏེ་སྲིད་གཞུང་གི་རུལ་སུངས་དང་། ཞབས་འདེགས་ཡག་པོ་མེད་པ། ལས་ཀ་ཤོར་མཁན་མང་པོ་ཐོན་པ་བཅས་ལ་རྒོལ་གཏམ་བཏང་ཡོད། ལྷོ་རྒྱུད་ཀྱི་ཞིང་ཆེན་དུ་གནས་པའི་རྡོ་སྣུམ་བཙོ་སྦྱངས་བཟོ་གྲྭ་དང་གྲུ་ཁ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་རྔམ་སྟོན་བྱེད་མཁན་གྱིས་འགོག་རྐྱེན་ཡང་ཡང་བཟོས་ཡོད།
     དབྱི་རག་ནི་སོ་ཏི་ཨ་རབ་ཕུད་པའི་ཨོ་ཕེ་ཁེའི་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་ཆེ་གྲས་ཨང་གཉིས་པ་དེ་རེད། དབྱི་རག་རྡོ་སྣུམ་པུས་ཟླ་འདིའི་ཟླ་འགོར་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས། ཟླ་བཅུ་པར་མ་བཅོས་རྡོ་སྣུམ་ཉིན་རེར་ཆ་སྙོམས་སྣུམ་ཀྲིན་ཁྲི་344ཕྱིར་གཏོང་བྱས་པ་མངོན་ཡོད།