འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་13ཉིན།

༄༅།།སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་མཉམ་དུ་འཛད་སྤྱོད་དབུལ་སྐྱོར་ལས་དོན་ལ་ཞུགས་
པ། སྡེ་ཚན་15མཉམ་འབྲེལ་ཐོག་གྲོས་འགོ་བཏོན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་13ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་མཉམ་དུ་འཛད་སྤྱོད་དབུལ་སྐྱོར་ལས་དོན་ལ་ཞུགས་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ་མང་ཚོགས་དབུལ་པོ་དབུལ་སྒྲོལ་བརྟན་པོ་དང་ས་ཁུལ་དབུལ་པོ་ཕུགས་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་རྒྱལ་སྲིད་སྤྱི་ཁབ་ཁང་དབུལ་སྐྱོར་གཞུང་དོན་ཁང་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན། སློབ་གསོ་པུའུ། ནོར་སྲིད་པུའུ་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག《སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་མཉམ་དུ་འཛད་སྤྱོད་དབུལ་སྐྱོར་ལས་དོན་ལ་ཞུགས་པའི་གྲོས་འགོ》བཏོན་པ་རེད།
    《གྲོས་འགོའི》ནང་རིམ་ཁག་ཏང་སྲིད་ལས་ཁུངས་དང་། གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པ། མང་ཚོགས་ཚོགས་པའི་རྩ་འཛུགས། དངུལ་རྩའི་སྒྲིག་གཞི། སློབ་ཆེན་དང་ཆེད་ཚན་སློབ་གྲྭ སྨན་བཅོས་ཚན་པ་བཅས་ཀྱིས་འཛད་སྤྱོད་དབུལ་སྐྱོར་དེ་གནས་གཏན་འཁེལ་གྱི་དབུལ་སྐྱོར་དང་ཆ་སྒྲིག་རོགས་སྐྱོར་གྱི་ལས་དོན་ལ་བཅུག་སྟེ། ཆ་རྐྱེན་གཅིག་མཚུངས་འོག་ས་ཁུལ་དབུལ་པོའི་ཐོན་རྫས་དང་ཞབས་ཞུའི་འཛད་སྤྱོད་རྒྱུན་མཐུད་རྒྱ་ཆེར་གཏོང་དགོས། འབྲེལ་ཡོད་དཔུང་སྡེས་དམག་དཔུང་གི་རོགས་སྐྱོར་ལས་དོན་དང་ཟུང་འབྲེལ་བྱས་ནས་རང་འགུལ་ངང་འཛད་སྤྱོད་དབུལ་སྐྱོར་ནང་ཧུར་ཐག་ཞུགས་དགོས། ཤར་རྒྱུད་སོགས་དར་རྒྱས་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ས་གནས་དེ་གའི་ཁེ་ལས་ས་ཁུལ་དབུལ་པོའི་འཛུགས་སྐྲུན་དང་ཐོན་སྐྱེད་རྟེན་གཞིར་འགྲོ་བར་ཁྲིད་སྟོན་བྱས་ནས་རོགས་སྐྱོར་དང་ལེན་ས་ཁུལ་གྱི་ཐོན་རྫས་དང་ཞབས་ཞུ་ཧུར་ཐག་ཉོ་བ་དང་། སྒྲིག་འཛུགས་བྱས་ནས་རོགས་སྐྱོར་དང་ལེན་ས་ཁུལ་དུ་ཡུལ་སྐོར་ལ་སྐྱོད་པ། རོགས་སྐྱོར་དང་ལེན་ས་ཁུལ་དང་ཐོན་ཚོང་སྦྲེལ་མཐུད་ཀྱི་འབྲེལ་བ་དང་ངལ་ནུས་མཐུན་སྦྱོར་ལམ་སྲོལ་ཡུན་རིང་དང་བརྟན་པོ་འཛུགས་པ་བཅས་བྱེད་དགོས། རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་། སྤྱི་ཚོགས་རྩ་འཛུགས། མི་སྒེར་བཅས་ཀྱིས་ས་ཁུལ་དབུལ་པོར་རོགས་རམ་བྱས་ནས་ཁྱད་ལྡན་ལེགས་ལྡན་གྱི་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་སྟེ་ས་ཁུལ་དབུལ་པོའི་ཐོན་རྫས་དང་ཞབས་ཞུ་ཉོ་སྒྲུབ་ཀྱི་གཞི་ཁྱོན་མུ་མཐུད་རྒྱ་ཆེར་གཏོང་དགོས་ཞེས་བསྟན་ཡོད་པ་རེད།