འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་13ཉིན།

༄༅།།ཉིང་ཞ་ཡིས་འདི་ལོ་དགུན་ཁའི་དྲོད་རླངས་མཁོ་འདོན་གྱི་དུས་ཚིགས་སུ་ནུས་རྒྱུ་གཙང་མའི་
དྲོད་ལེན་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་13ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཡིང་ཁྲོན་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ཉིང་ཞ་ཡིས་2019ནས་2020ལོ་བར་གྱི་དགུན་དུས་དང་དཔྱིད་དུས་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ཁྲོད་རྡོ་སོལ་གྱི་སྦགས་བཙོག་ཆེས་ཆེར་ཉུང་དུ་བཏང་ནས“རླངས་པར་བརྟེན་ནས་ལེགས་སྒྲིག་གཏན་འཁེལ”བྱེད་པ་དང“མཁོ་སྤྲོད་ལ་བརྟེན་ནས་དགོས་མཁོ་གཏན་འཁེལ”བྱེད་པའི་རྩ་དོན་ལ་གཞིགས་ཏེ་ནུས་རྒྱུ་གཙང་མའི་དྲོད་ལེན་ལ་སྐུལ་འདེད་བརྟན་པོ་བཏང་སྟེ་མང་ཚོགས་བདེ་འཇགས་དང་དྲོ་པོའི་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།
     ཉིང་ཞ་ཡིས་བཟོས་པའི་རླུང་ཁམས་ཆེ་མོའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྒྲིག་གི་འགག་སྒྲོལ་བྱེད་སྤྱོད་ཀྱི་ཇུས་གཞིར་གཞིགས་ཏེ་ས་གནས་ཁག་གིས་མིང་རྟགས་བཀོད་པའི་དྲོད་ལེན་དུས་ཚིགས་ཀྱི་དྲོད་རླངས་མཁོ་འདོན་གྱི་གན་རྒྱ་དང་དེ་བཞིན་དོན་དངོས་ཀྱི་དྲོད་རླངས་མཁོ་འདོན་དང་གློག་མཁོ་འདོན་གྱི་ནུས་པ་སོགས་ལ་གཞིགས་ནས“རྡོ་སོལ་དྲོད་རླངས་སུ་སྒྱུར་བ”དང“རྡོ་སོལ་གློག་ལ་སྒྱུར་བའི”ཐེམ་གྲངས་ལུགས་མཐུན་ངང་གཏན་འཁེལ་བྱས་ཏེ་ནུས་རྒྱུ་གཙང་མའི་དྲོད་ལེན་ལ་སྐུལ་འདེད་བརྟན་པོ་གཏོང་རྒྱུ་རེད། ཉིང་ཞ་ཡིས་ས་གནས་ཁག་ལ་གློག་ཁང་གིས་དྲོད་རླངས་མཁོ་འདོན་གྱི་མི་མངོན་པའི་ནུས་པ་གང་ལེགས་སྤྱད་དེ་དྲོད་རླངས་མཁོ་འདོན་གྱི་མདོང་དྲ་མགྱོགས་པོ་འཛུགས་པ་དང་རྡོ་སོལ་གྱི་སིལ་མའི་ཚབ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
     ཉིང་ཞ་ཡིས་ད་དུང་ས་གནས་ཁག་ལ་རྡོ་སོལ་གྱི་སྙིགས་རོའི་བེད་སྤྱོད་དོ་དམ་ནན་པོ་བྱེད་པ་དང་། གྲོང་ཁྱེར་དང་། རྫོང་། ཆུས་བཅས་ཀྱི་སྲིད་གཞུང་གིས་ནུས་རྒྱུ་གཙང་མའི་དྲོད་ལེན་སྒྱུར་བཀོད་བྱས་པའི་ས་ཁུལ་ལ་ཁྲིམས་ལྟར་སྦགས་བཙོག་མཐོ་བའི་འབུད་ཤིང་གཏན་འགོག་ཁུལ་དབྱེ་དགོས་པ་མ་ཟད། འབྲེལ་ཡོད་ལེ་ལག་ཚང་བའི་སྲིད་ཇུས་བྱེད་ཐབས་བཟོ་བ་དང་ལག་བསྟར་བྱེད་དགོས། ནུས་རྒྱུ་གཙང་མའི་དྲོད་ལེན་གནས་སྐབས་ལག་བསྟར་མ་ཐུབ་པའི་ས་ཁུལ་ལ་རྡོ་སོལ་གཙང་མ་སྡེབ་སྐྱེལ་ལྟེ་གནས་བསྐྲུན་པ་དང་རྡོ་སོལ་སིལ་མའི་སྤུས་ཚད་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས་ཉིང་ཞ་ཡི་གྲོང་མིས་རྡོ་སོལ་བེད་སྤྱོད་ཀྱི་སྤུས་ཚད་ཀྱི་ཚད་གཞི་ལག་བསྟར་ནན་པོ་བྱས་ནས་སྤུས་ཀ་ཞན་པའི་རྡོ་སོལ་སིལ་མ་ཕྱིར་ཚོང་ཕྱོགས་ཡོངས་ནས་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།