འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་11ཉིན།

༄༅༎གནས་རི་དང་བླ་མཚོའི་བར་ནས་ས་མཐོའི་རི་དྭགས་འཚོལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་11ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་11ཚེས་9ཉིན་མཚོ་སྔོན་རྨ་ཆེན་རྫོང་ཁོངས་སུ་རྒྱུ་བའི་གནའ་བ།
ཟླ་11ཚེས་9ཉིན་མཚོ་སྔོན་རྨ་ཆེན་རྫོང་ཁོངས་སུ་རྒྱུ་བའི་གནའ་བ།
     མི་དམངས་དྲ་བའི་འཕྲིན། དགུན་ཁ་ཚུགས་མ་ཐག གཙང་གསུམ་ཆུ་འགོའི་ས་ཁུལ་དུ་གནས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དུ་ཁ་བ་བབས་ནས་ས་གཞིར་དངུལ་གྱི་ལྭ་བ་བཀླུབས་པས། རི་སྐྱེས་སྲོག་ཆགས་ཁ་བས་གཡོགས་པའི་རི་མཐོན་པོ་ནས་བབས་ཏེ་ཟས་འཚོལ་བར་ཡོང་།
     ཞོགས་པར། གསར་འགོད་པ་ཨ་མྱེས་རྨ་ཆེན་གྱི་རི་འདབས་ནས་ནུབ་ཕྱོགས་སུ་བསྐྱོད་ཅིང་། ལམ་བར་དུ་སྨུག་ལོང་ཁྲོད་ཀྱི་ཆུ་ཕྲན་དང་འཁྱགས་རོམ་གསལ་ལ་མི་གསལ་བར་མཐོང་ཞིང་། བརླན་ཞིང་གཙང་བའི་མཁའ་དབུགས་གསར་པ་སྒེའུ་ཁུང་བརྒྱུད་ནས་རླངས་འཁོར་ནང་འཛུལ་བས་སེམས་ཁམས་དྭངས་བར་བྱེད།
     རི་མཐོའི་རྒྱལ་པོ་ཞེས་འབོད་ཅིང་། རྒྱུན་པར་རིའི་རྩེ་དང་བྲག་གི་ལྡེབས་སུ་རྒྱུ་བའི་རི་དྭགས་གནའ་བའང་རི་ལས་བབས། གསར་འགོད་པ་དང་བཅས་པ་སྡོད་པའི་རླངས་འཁོར་མཐོང་དུས། སྨི་ཁ་ཤས་ཀྱིས་ཆོད་པའི་ལམ་འགྲམ་ནས་རླངས་འཁོར་ལ་འགྲན་པའི་ཚུལ་གྱིས་བང་རྒྱུག་སོང་།
     “མཛའ་གྲོགས་རྒྱུག་རྩལ་འགྲན་བསྡུར”འདི་མཇུག་རྫོགས་རྗེས། སྣེ་ཁྲིད་པའི་གནའ་བ་ཕོ་དེས་གོམ་པ་སྤོ་མཚམས་བཞག་ནས་རྭ་ཅོ་རིང་པོ་སྐྱེས་པའི་མགོ་བོ་དགྱེ་དགྱེ་བྱས་ནས་མི་རྣམས་ལ་གུས་འདུད་ཞུ་བ་དང་མཚུངས། དེའི་རྒྱབ་ཏུ་ཉི་འོད་ཕོག་པ་དང་ཨ་མྱེས་རྨ་ཆེན་ལ་རྒྱུ་བའི་སྨུག་པ་རིམ་གྱིས་དྭངས་འགྲོ་འདུག
     བོད་ཀྱི་རིག་གནས་ཁྲོད། ཨ་མྱེས་རྨ་ཆེན་ནི་ལོ་རྟགས་རྟ་ཡིན་པའི་གནས་རི་ལ་ངོས་འཛིན་པ་དང་། ཉེ་འཁོར་གྱི་འབྲོག་པ་མང་ཚོགས་ཀྱིས་རི་དེ་མི་གཤིས་ཅན་དུ་བསྒྱུར་ཞིང་། དེར་ཚེ་སྲོག་དང་གཏམ་རྒྱུད་སྦྱིན་ཏེ་ཆེས་བབ་ཆགས་ཀྱི་རང་བྱུང་ལྟ་བར་འདྲེས་ནས་མི་རབས་ནས་མི་རབས་བར་བརྒྱུད་ཡོད།
     རྩྭ་ཤུན་ཕྱིར་བཏོན་མི་ཆོག་པ་དང་། འཁྱགས་ཀླུང་ལ་གཏོར་བཤིག་གཏོང་མི་ཆོག་པ། ཆུ་འགོ་ལ་སྦགས་བཙོག་བཟོ་མི་ཆོག་ཅེས་རི་འདབས་ཀྱི་རྒན་རྒོན་ཚོས་བཤད་སྲོལ་དང་གཏམ་རྒྱུད་ཀྱི་ལམ་ནས་ཕྲུ་གུ་ཚོར་རང་བྱུང་ཁམས་ལ་བཀུར་ཞིང་སྐྲག་དགོས་པའི་བསླབ་བྱ་གནང་གི་ཡོད། 
     ཉེ་བའི་ལོ་ཤས་རིང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས། ས་གནས་དེ་གའི་བོད་རིགས་འབྲོག་པའི་སྣོད་བཅུད་ལྟ་བ་ཚན་རིག་དང་མཐུན་པ་དང་གནད་སྨིན་འཐུས་ཚང་དུ་ཕྱིན་ཡོད། འབྲོག་པ་མང་པོས་ནོར་ལུག་འཚོ་མཚམས་བཞག་ནས་སྲིད་གཞུང་གིས་གདན་ཞུས་བཀོལ་སྤྱོད་བྱས་པའི་སྣོད་བཅུད་དོ་དམ་སྲུང་སྐྱོང་པ་ཞིག་ཏུ་གྱུར་ཏེ། རང་བྱུང་ཁམས་ལ་ལྟ་རྟོགས་དང་བརྩི་འཇོག སྲུང་སྐྱོང་བཅས་བྱས་ཏེ་ཕ་ཡུལ་གྱི་རི་ར་བ་ཁང་ཁྱིམ་དང་སེམས་ཅན་དང་བཅས་པར་ལྟ་སྐྱོང་བྱེད་ཀྱི་ཡོད། 
     ཨ་མྱེས་རྨ་ཆེན་དང་དེ་བཞིན་མཐའ་འཁོར་དུ་གནས་པའི་རྨ་ཆུའི་མགོ་ཁུངས་ས་ཁུལ་དུ། གསར་འགོད་པ“གསུམ་དགུ”དགུན་དུས་གད་སྙིགས་སྒྲུག་རྒྱུ་མཐའ་འཁྱོངས་བྱེད་མཁན་གྱི་སྣོད་བཅུད་དོ་དམ་སྲུང་སྐྱོང་བ་དང་འཕྲད་མྱོང་ཡོད་ལ། གངས་སྐྱོན་ཕོག་རིང་འབྲོག་པས་རྩྭ་སྐམ་པོ་ཁུར་ནས་བཀྲེས་ཤིང་ལྟོགས་པའི་རི་སྐྱེས་སྲོག་ཆགས་ལ་ལྟོ་སྟེར་བར་འགྲོ་བ་ཡང་མཐོང་མྱོང་། 
     སྲིད་གཞུང་དང་འབྲོག་པའི་ཐུན་མོང་འབད་བརྩོན་འོག  ས་གནས་དེ་གའི་རི་སྐྱེས་སྲོག་ཆགས་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། 2017ལོ་ནས་བཟུང་། ཚན་ཞིབ་མི་སྣས་ཨ་མྱེས་རྨ་ཆེན་གྱི་མཐའ་འཁོར་དུ། རྗེས་ཤུལ་འཚོལ་དཀའ་བའི་སྲོག་ཆགས་རིགས་10ལྷག་ཙམ་སྔ་རྗེས་སུ་རྙེད་པ་དང་། གསའ་ཡི་པར་དང་བརྙན་བརྒྱ་ཕྲག་ཐེབས་ཡོད། 
     རིགས་གཅིག་མཁས་ཅན་གྱིས་ཨ་མྱེས་རྨ་ཆེན་སོགས་ས་ཆར་ཞིབ་འཇུག་དང་དབྱེ་ཞིབ་བྱས་པར་གཞིགས་ན། སྔོན་ཆད་གནས་རི་དང་བླ་མཚོར་ངོས་བཟུང་བའི་རི་བོ་དང་མཚོ་མོ་ཡིས་འབྲོག་པ་མང་ཚོགས་ཀྱི་སྲོལ་རྒྱུན་གྱི་རང་བྱུང་ལྟ་བ་དང་དེང་རབས་ཀྱི་སྣོད་བཅུད་ལྟ་བ་འདྲེས་ནས། རིམ་བཞིན་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་གླེང་ཆ་ཆེ་ཤོས་ཀྱི་ས་ཁོངས་སུ་འགྱུར་བཞིན་ཡོད། 
     གསར་འགོད་པ་ད་རེས་ཨ་མྱེས་རྨ་ཆེན་ལ་བསྐྱོད་རིང་ཡང་ས་མཐོའི་སྲོག་ཆགས་རྩ་ཆེན་གྱི་རིགས་མང་པོ་པར་དུ་ལེན་ཐུབ་ཡོད། ཉིན་གཅིག་གི་དུས་ཚོད་ནང་། ཁྱུ་དང་ཁྱུ་བྱས་པའི་གནའ་བ་དང་ཤྭ་བ་སེར་ཆེན་སོགས་རྩྭ་གཟན་སྲོག་ཆགས་ཀྱི་རིགས་དང་། དེ་བཞིན་ཝ་དམར་དང་། སྦྲེ། ཁྲ་སོགས་པར་མིག་ཏུ་མང་དུ་ཐེབས་ཡོད། ཆུ་མོའི་འགྲམ་དང་འཁྱགས་རོམ་གྱི་འོག ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཐོག་ཏུ། དེ་དག་གིས་ཆེས་གཅེས་སུ་འོས་པའི་རྣམ་འགྱུར་བཟུང་ནས། ཆ་རྒྱུས་མེད་པའི་ང་ཚོ་ལ་བསུ་བ་བྱེད་བཞིན་ཡོད་ཅིང་། སྐབས་འགར་མཚར་སྣང་གིས་མགོ་བོ་བཏེགས་ཤིང་། སྐབས་འགར་ག་ལེར་ཉེ་སར་བཅར་ནས་སྐྲག་སྣང་སྤུ་ཙམ་ཡང་ཡོད་ཀྱི་མི་འདུག 
     རྣམ་པ་འདི་ནི་ས་གནས་དེ་གའི་མང་ཚོགས་དང་རི་སྐྱེས་སྲོག་ཆགས་ཡུན་རིང་ཞི་མཐུན་མཉམ་གནས་དང་ཁྱིམ་མཚེས་བྱས་ནས་གནས་པའི་མཇུག་འབྲས་རེད། གསར་འགོད་པས་བཅར་འདྲི་བྱེད་རིང་། འབྲོག་པས་ཐག་མི་རིང་ས་ནས་ནོར་གནག་དེད་ནས་སོང་ཡང་། དགོ་བ་ཁྱུ་གཅིག་དོགས་ཟོན་གང་ཡང་མེད་པར་རང་དགར་ཕྱོགས་ཕྱོགས་སུ་རྒྱུ་ནས་ཡོད།
     ས་སྲོད་དུ་གསར་འགོད་པ་མགོ་ལོག་ཁུལ་རྨ་སྟོད་རྫོང་དུང་དཀར་མཚོ་ནག་ཏུ་འབྱོར། ལ་ཁའི་ཉི་འོད་འོག འོད་ཆེམ་ཆེམ་འཕྲོ་བའི་མཚོ་ངོས་སུ་སྔོ་ཐིང་ཐིང་གི་འོད་སྣང་མངོན་ཞིང་། གནམ་སྔོན་པོ་དང་ཕན་ཚུན་བསྣོལ་བས་རི་ཚོགས་ཀྱིས་བསྐོར་བའི་ཁྲོད་ཀྱི་མེ་ལོང་ཞིག་དང་མཚུངས། 
     རླུང་བུ་ལྡང་ཞིང་ཆུ་རླབས་འཕྱོ་ལ། མཁའ་རླུང་གཙང་མར་རྒྱུ་བ་ནི་རང་བྱུང་ཁམས་དངོས་མ་དེ་ཡིན་ལ། སྣོད་བཅུད་ལེགས་པོར་ཡོད་པའི་གནས་འདི་རུ་གསར་འགོད་པས་གཙང་གསུམ་ཆུ་འགོའི་ཐོག་མའི་རྣམ་པ་མཐོང་བྱུང་།
【1】  【2】  【3】  【4】
ཟླ་11ཚེས་9ཉིན་མཚོ་སྔོན་རྨ་ཆེན་རྫོང་ཁོངས་ཀྱི་རྩྭ་ཐང་ཐོག་སྐྱོད་བཞིན་པའི་སྦྲེ།
ཟླ་11ཚེས་9ཉིན་མཚོ་སྔོན་རྨ་ཆེན་རྫོང་ཁོངས་ཀྱི་རྩྭ་ཐང་ཐོག་སྐྱོད་བཞིན་པའི་སྦྲེ།