འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་11ཉིན།

༄༅༎ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་དེ་བས་འོད་སྟོང་ལྡན་པ་ཡོང་ངེས་རེད།

—— ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་བཞེད་དོན་གཙོ་བོའི་གཏམ་བཤད་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་11ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
      “ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་དེ་བས་འོད་སྟོང་ལྡན་པ་ཡོང་ངེས་ཡིན་ལ་འོད་སྟོང་དེ་བས་ལྡན་ངེས་རེད”ཅེས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་བཞེད་དོན་གཙོ་བོའི་གཏམ་བཤད་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་མོར་རྒྱང་ལྟ་གནང་བ་མ་ཟད། ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རྒྱུན་མཐུད་སྐུལ་འདེད་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གདེང་ཚོད་དང་ཆོད་སེམས་གསལ་པོ་བསྟན་གནང་བ་དེ་ཐོག་ནས་དཔལ་འབྱོར་ཡུན་རིང་སྐྱོན་བྲལ་དང་བརྟན་པོའི་སྒོ་ནས་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་པའི་གཏིང་ཤུགས་དང་ངེས་ནུས་མངོན་ཏེ་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་དྲང་ནུས་ཆེན་པོ་ཞིག་བསྣན་ཡོད།
     ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་རིང་དང་ལྷག་དོན་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40ལྷག་ཙམ་སོང་རིང་། ཀྲུང་གོར་འཇིག་རྟེན་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད་ལ་ཀྲུང་གོའི་ས་གཞི་ཆེ་མོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཀྱང་བྱུང་ཡོད། ཀྲུང་གོས་ལོ་ངོ་བཅུ་ཕྲག་རིང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་ངོ་བརྒྱ་ཕྲག་བསྐྱོད་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་བརྒྱུད་ནས་ད་ཆ་འཛམ་གླིང་གི་དཔལ་འབྱོར་མཚན་གཞི་ཆེ་གྲས་ཨང་གཉིས་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེ་གྲས་ཨང་དང་པོ། ཚོང་ཟོག་ཉོ་ཚོང་གི་རྒྱལ་ཁབ་ཆེ་གྲས་ཨང་དང་པོ། ཕྱི་དངུལ་གྲབས་གསོག་གི་རྒྱལ་ཁབ་ཆེ་གྲས་ཨང་དང་པོ་བཅས་སུ་གྱུར་ཡོད། ཀྲུང་གོའི་དཔལ་འབྱོར་གྱིས་ལོ་མང་བསྟུད་མར་འཛམ་གླིང་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་30%ལས་བརྒལ་ནས་འཛམ་གླིང་དཔལ་འབྱོར་འཕར་བའི་བརྟན་གཏོང་ཡོ་ཆས་དང་སྒུལ་ཤུགས་ཀྱི་འབྱུང་ཁུངས་གཙོ་བོར་གྱུར་ཡོད། ཀྲུང་གོའི་མི་འབོར་དུང་ཕྱུར་14ལ་ཉེ་བའི་ཁྲོམ་ར་ཆེན་པོ་འདི་འཛམ་གླིང་དཔལ་འབྱོར་གྱི་འཕར་ས་དང་གསོན་ཤུགས་འཕེལ་སར་འགྱུར་ངེས་རེད། སྤྱིར་བཏང་མིན་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་ནས་འཛམ་གླིང་ཡག་པོ་བྱུང་ན་ཀྲུང་གོ་གཞི་ནས་ཡག་པོ་ཡོང་ཐུབ་པ་དང་། ཀྲུང་གོ་ཡག་པོ་བྱུང་ན་འཛམ་གླིང་དེ་བས་ཡག་པོ་ཡོང་ཐུབ་པ་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་ཡོད། ཀྲུང་གོས་སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་རང་ངོས་འཕེལ་རྒྱས་བཏང་སྟེ་རླབས་ཆེའི་ངོ་མཚར་བཏོད་པ་དང་ཆབས་ཅིག་རང་ངོས་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་གི་ཡར་ཐོན་ལ་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།
     ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ལ་དེ་བས་འོད་སྟོང་ལྡན་པ་ཡོང་ངེས་ཡིན་པའི་རྒྱུ་མཚན་ནི་ང་ཚོ་ལོ་རྒྱུས་འཕེལ་རྒྱས་ཀྱི་གཏན་ཚིགས་ཁྲོད་མདུན་སྐྱོད་བྱེད་པས་ཡིན། སྒྱུར་བཅོས་སྒོ་དབྱེ་བྱས་པ་དེ་ནི་ཀྲུང་གོ་མི་དམངས་ལ་འཕེལ་རྒྱས་དང་། གསར་གཏོད། མཛེས་སྡུག་ལྡན་པའི་འཚོ་བ་བཅས་དགོས་པའི་ལོ་རྒྱུས་ཀྱི་བླང་བྱ་དང་མཐུན་པ་ལག་ལེན་དངོས་ལས་ང་ཚོར་ར་སྤྲད་ཡོད། འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ནི་ཀྲུང་གོ་མི་དམངས་ཀྱིས་ལོ་ངོ་བཅུ་ཕྲག་དཀའ་སྤྱད་སྡུག་ཁུར་དང་རྔུལ་ཆུ་དང་ཟུངས་ཁྲག་བཏོན་པ་ལས་བྱུང་བ་ཞིག་རེད། མི་དམངས་དུང་ཕྱུར་མང་པོས་གསར་འབྱེད་གསར་གཏོད་ཀྱི་ཧུར་སེམས་དང་རང་རྐྱ་འཕེར་བའི་སེམས་ཤུགས་བརྟན་པོར་བརྟེན་ནས་ཀྲུང་གོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ད་ཆ། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྐྱོན་བྲལ་དང་བརྟན་པའི་ཆ་སྤྱིར་ན་འགྱུར་ལྡོག་ཕྱིན་མེད་པ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོའི་ཆ་རྐྱེན་ལ་འགྱུར་ལྡོག་ཕྱིན་མེད་ལ་བརྟན་ཐོག་ལེགས་འཕེལ་གྱི་སྤྱིའི་འཕེལ་ཕྱོགས་ལའང་འགྱུར་ལྡོག་ཕྱིན་མེད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ཀྲུང་གོའི་དཔལ་འབྱོར་བརྟན་ལ་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་གྱི་ཆ་རྐྱེན་གང་ལེགས་ཚང་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པའི་ཆབ་སྲིད་ཀྱི་ལེགས་ཆ། དམངས་སེམས་གཅིག་སྒྲིལ་དང་ཀུན་སེམས་གཅིག་སྒྲིལ་གྱི་མི་རིགས་ཀྱི་སྙིང་སྟོབས། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རྒྱུན་མཐུད་འཕེལ་རྒྱས་མྱུར་པོ་བྱུང་བ་ལས་བསགས་པའི་དངོས་པོ་དང་ལག་རྩལ་གྱི་རྨང་གཞི་བརྟན་པོ། འཕེལ་རྒྱས་ཆེན་པོའི་སེམས་ཤུགས་དང་། གཏིང་ཤུགས། བརྐྱང་བསྐུམ་གྱི་ཡུལ་ཡོད་པ། སྤྱི་ཁོག་སྙོམས་སྒྲིག་གི་ཉམས་མྱོང་ཕུན་སུམ་ཚོགས་པོ་དང་སྲིད་ཇུས་ཀྱི་བར་མཐོངས་འདང་ངེས་བཅས་ཡོད་པས་མདུན་སྐྱོད་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་། དཔལ་འབྱོར་མགྱོགས་མྱུར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ་དེ་བས་འོད་སྟོང་ལྡན་པའི་འཕེལ་རྒྱས་ཀྱི་མདུན་ལམ་བསུ་བའི་ཆ་རྐྱེན་དང་། འཇོན་ཐང་། གདེང་ཚོད་བཅས་ང་ཚོར་རྦད་དེ་ཡོད།
     ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་དེ་བས་འོད་སྟོང་ལྡན་པ་ཡོང་ངེས་ཡིན་པའི་རྒྱུ་མཚན་ནི་ང་ཚོ་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་འཕེལ་རྒྱས་འགྲོ་བས་ཡིན། ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་པ་དེ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་འཕེལ་རྒྱས་དང་། མཉམ་ལས། ཞི་བདེའི་འཚོ་བ་བཅས་དགོས་པའི་དུས་རབས་ཀྱི་རླབས་རྒྱུན་དང་འཚམ་པ་ལག་ལེན་ལས་ང་ཚོར་ར་སྤྲད་ཡོད། ཀྲུང་གོས་སྒོ་མོ་ཕྱེ་ནས་འཛུགས་སྐྲུན་བྱ་རྒྱུ་མཐའ་འཁྱོངས་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཟམ་མི་ཆད་པར་ཆེ་རུ་བཏང་བ་དེས་རང་ངོས་འཕེལ་རྒྱས་ཕྱིན་པ་མ་ཟད་འཛམ་གླིང་ལའང་ཕན་བདེ་བསྐྲུན་ཡོད། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་སྒོ་དབྱེའི་ཆ་རྐྱེན་འོག་ཐོབ་པ་ཞིག་རེད་ལ་འབྱུང་འགྱུར་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་རྒྱུ་དེའང་ངེས་པར་དུ་སྔར་བས་སྒོ་དབྱེའི་ཆ་རྐྱེན་འོག་གཏོང་དགོས། ཀྲུང་གོས་ཕྱེ་བའི་སྒོ་མོ་རྒྱག་མི་སྲིད་པར་ཇི་ཙམ་ཕྱེ་བ་དེ་ཙམ་གྱིས་ཆེ་རུ་འགྲོ་རྒྱུ་རེད། དེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ང་ཚོས་ཕྱི་ཕྱོགས་སྒོ་དབྱེའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱས་ཏེ་སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་། འཕེལ་རྒྱས། གསར་གཏོད་བཅས་ལ་སྐུལ་འདེད་མཐའ་འཁྱོངས་བཏང་སྟེ་ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་མུ་མཐུད་སྐུལ་འདེད་གཏོང་གི་ཡིན”ཞེས་དང“ཀྲུང་གོས་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་རྒྱལ་ཁབ་ཁག་ལ་ཁྲོམ་རའི་གོ་སྐབས་དང་། མ་འཇོག་གི་གོ་སྐབས། འཕར་བའི་གོ་སྐབས་བཅས་དེ་བས་མང་བ་མཁོ་འདོན་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་ཀྱི་ཡིན”ཞེས་གསལ་བསྒྲགས་གནང་བ་ཇི་བཞིན་ནོ། འབྱུང་འགྱུར་ལ་ཕྱོགས་སྐབས། ཀྲུང་གོས་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བའི་གོམ་སྟབས་མཚམས་འཇོག་མི་སྲིད་པར་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོ་ཐུན་མོང་ཐོག་སྒོ་མོ་འབྱེད་པར་སྐུལ་འདེད་གཏོང་མཁན་ཡིན་པས་བྱ་སྤྱོད་དངོས་ཀྱི་ཐོག་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་བཏང་སྟེ་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་བདེ་བསྐྲུན་རྒྱུ་རེད།
     འབྱུང་འགྱུར་ལ་ཕྱོགས་སྐབས། ཀྲུང་གོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་ཀྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་མུ་མཐུད་ལག་ལེན་བསྟར་བ་དང་། སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་ནུས་ལྡན་གཏོང་བ། བྱ་ཐབས་སྒྱུར་བ་དང་། གྲུབ་ཆ་ལེགས་སྒྲིག སྒུལ་ཤུགས་འཕར་བ་བཅས་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་གོ་སྐབས་གསར་པ་དེ་བས་མང་བ་བསྐྲུན་རྒྱུ་དང་འཛམ་གླིང་གི་ཐུན་མོང་དར་རྒྱས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་རེད།