འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་11ཉིན།

༄༅༎རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་པ།

“བདེ་ཐང་ཀྲུང་གོའི་འཐབ་ཇུས་ལ་སྐུལ་འདེད་གཏོང་རྒྱུར”དམིགས་ནས་གྲོས་མོལ་དང་སྲིད་གླེང་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་11ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་29པ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་བདེ་ཐང་ནི་དམངས་ཀྱི་དོན་ཆེན་དང་རྒྱལ་ཁབ་ཀྱི་འཆར་གཞི་ཆེ་མོ་ཡིན་པས་བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་བྱས་པ་དེས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་གཅིག་སྡུད་ཐོག་མངོན་གྱི་ཡོད། བདེ་ཐང་ཀྲུང་གོ་བསྐྲུན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་མཉམ་སྒྲུབ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། ཡུལ་བབ་དང་བསྟུན་པ་དང་། རིགས་དབྱེ་མཛུབ་ཁྲིད། བརྟན་ཐོག་ཡར་འཕེལ། སྙིང་རུས་གཏན་འཁྱོངས་བཅས་མཐའ་འཁྱོངས། མི་དམངས་ཀྱི་བདེ་ཐང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བདེ་ཐང་གི་རྨང་གཞི་བརྟན་པོ་ཞིག་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     སྲིད་གྲོས་ཨུ་ཡོན་དང་རིགས་གཅིག་མཁས་ཅན་དང་མཁས་དབང་12ཀྱིས་བདེ་ཐང་ཀྲུང་གོའི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཁྲིམས་སྲོལ་དང་། སྒྲིག་སྲོལ་ལམ་སྲོལ། དྲིལ་བསྒྲགས་སློབ་གསོ། ཚན་རྩལ་འདེགས་སྐྱོར་སོགས་ལ་དམིགས་ཏེ་ཐབས་འདོན་སྲིད་འདྲི་བྱས་པ་རེད། ཨུ་ཡོན་150ལྷག་ཙམ་གྱིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྒུལ་བདེའི་འགན་སྒྲུབ་ལས་སྟེགས་ཐོག་བསམ་འཆར་ཧུར་ཐག་བཏོན་གནང་ཞིང་། ཚང་མས་ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་མི་དམངས་ཀྱི་བདེ་ཐང་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་རིང་། རང་རྒྱལ་གྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་གནས་ཚུལ་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། དེ་དང་ཆབས་ཅིག་བཟོ་ལས་ཅན་དང་གྲོང་རྡལ་ཅན་མགྱོགས་མྱུར་འཕེལ་རྒྱས་སོང་བ་དང་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཕྱིན་པ་དང་བསྟུན་ནས་བདེ་ཐང་ཁྱབ་ཁོངས་ལ་ཡང་གནས་ཚུལ་གསར་པ་དང་འགལ་ཟླ་གསར་པ་ཁག་གཅིག་འཕྲད་པ་དཔེར་ན། སྙིང་ཀླད་ཁྲག་རྩའི་ནད་སོགས་ཀྱི་གཅོང་ནད་ཕོག་ཚད་མང་དུ་ཕྱིན་པ་དང་སེམས་ཁམས་ཀྱི་བདེ་ཐང་དང་ལས་རིགས་ཀྱི་བདེ་ཐང་སོགས་ཀྱི་གནད་དོན་མང་དུ་འགྲོ་བཞིན་ཡོད་པས་ཚད་མཐོའི་མཐོང་ཆེན་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
     ཨུ་ཡོན་ཁག་གཅིག་གིས་བདེ་ཐང་ཀྲུང་གོའི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་འགག་རྩ་ནི“ནད་བཅོས་ལྟེ་བར་བྱེད་པ”ནས“སྔོན་འགོག་ལྟེ་བར་བྱེད་པའི”བར་གྱི་འགྱུར་ལྡོག་མངོན་འགྱུར་ཐུབ་པ་བྱ་རྒྱུ་དེ་ཡིན་པས་དམངས་ཡོངས་ཀྱི་བདེ་ཐང་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་ཨང་དང་པོར་འཇོག་པ་དང་། བདེ་ཐང་ཤེས་བྱའི་སློབ་གསོ་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། བདེ་ཐང་སློབ་གསོ་རྒྱལ་དམངས་སློབ་གསོའི་མ་ལག་ནང་འཇུག་པ། རྣམ་པ་མང་པོའི་ཐོག་ནས་བདེ་ཐང་གི་ཚན་རིག་ཁྱབ་གདལ་ལས་སྟེགས་སྐྲུན་པ། མང་ཚོགས་ཀྱི་ལུས་རྩལ་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་གི་ལུས་རྩལ་བྱེད་སྒོར་དམ་འཛིན་ཡག་པོ་བཅས་བྱས་ནས“རང་ཉིད་རང་གི་བདེ་ཐང་གི་འགན་འཁུར་མཁན་ཨང་དང་པོ་ཡིན་པའི”འདུ་ཤེས་མི་སེམས་ལ་ཟུག་པ་བྱེད་དགོས། དམངས་ཡོངས་ཀྱི་བདེ་ཐང་ལ་འདེམས་བཤེར་དང་། ནད་རིགས་ལ་ཡོངས་བཤེར། སེམས་ཁམས་ནད་རིགས་ལ་བརྟག་དཔྱད་བཅས་བྱས་ཏེ་གཅོང་ནད་འགོག་བཅོས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་དམིགས་བསལ་ནད་རིགས་འགོག་བཅོས་ལ་མཐོང་ཆེན་བྱེད་དགོས། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་དང་སྨན་བཅོས་བཅས་ཀྱི་མཉམ་འགུལ་སྒྱུར་བཅོས་ཟབ་ཏུ་བཏང་ནས་སྨན་བཅོས་ཞབས་ཞུའི་དྲ་རྒྱ་དང་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས། སྨན་དང་སྨན་བཅོས་ཀྱི་ཞིབ་མཆན་འགོད་པ་བཅས་ཀྱི་སྒྲིག་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་ཀྲུང་ལུགས་གསོ་རིག་གི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྨན་བཅོས་འཕྲོད་བསྟེན་ལས་ཀའི་གཙོ་གནད་གཞི་རིམ་དང་ཐོན་ཁུངས་གཞི་རིམ་དུ་སྤོ་རྒྱུར་སྐུལ་འདེད་གཏོང་དགོས། གཅིག་གྱུར་ནུས་ཆེའི“འཕྲོད་བསྟེན་ཆེ་མོ་དང་བདེ་ཐང་ཆེ་མོའི”དོ་དམ་སྒྲིག་སྲོལ་བཙུགས་ཏེ་བདེ་ཐང་ཐོན་ཁུངས་བསྡུ་སྒྲིལ་དང་སྡེ་ཚན་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་མཉམ་ཤུགས་ཆགས་པ་བྱེད་དགོས། བདེ་ཐང་ཀྲུང་གོའི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ཁྲིམས་འཛུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྲིམས་བསྟར་ལ་ཤུགས་སྣོན་བརྒྱབ་ནས་བདེ་ཐང་གི་ཚད་གཞིའི་ཚད་ལྡན་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། 5Gདང་། མི་ཐབས་རིག་ནུས། གྲངས་གཞི་ཆེ་མོ་སོགས་དེང་རབས་ཅན་གྱི་ཆ་འཕྲིན་ལག་རྩལ་བདེ་ཐང་གི་ཁྱབ་ཁོངས་ནང་སྤྱོད་རྒྱུར་སྐུལ་འདེད་གཏོང་བ་དང“དྲ་སྦྲེལ་དང་འཕྲོད་བསྟེན་བདེ་ཐང”ཟུང་འབྲེལ་བྱ་རྒྱུ་འཕེལ་རྒྱས་བཏང་སྟེ་བདེ་ཐང་བཅོས་སྐྱོང་གི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།