འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་8ཉིན།

༄༅།།ཆུ་ཚད་དེ་བས་མཐོ་པོས་སྒོ་མོ་ཕྱེ་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་སྤྱོད་བྱེད།

—— རྒྱལ་སྤྱིའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་བཞེད་དོན་གཙོ་བོའི་གཏམ་བཤད་ལ་ཚད་མཐོའི་གདེང་འཇོག་བྱེད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་08ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཚེས་5ཉིན་གྱི་སྔ་དྲོར། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་ཧྲང་ཧའེ་རུ་འགོ་ཚུགས་ཤིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་ཚུགས་མཛད་སྒོའི་ཐོག་འགོ་བརྗོད་དུ《སྒོ་དབྱེ་མཉམ་ལས་དང་ལས་དབང་མཉམ་འབྲེལ》ཞེས་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད། ཉིན་དེའི་འགོ་ཚུགས་མཛད་སྒོར་ཞུགས་པའི་ཕྱི་རྒྱལ་གྱི་དཔོན་རིགས་དང་ཁེ་ལས་ཀྱི་འཐུས་མི། དེ་བཞིན་རྒྱལ་ཁབ་ཁག་གཅིག་གི་སྲིད་དོན་མི་སྣ་དང་། སློབ་གསོའི་ལས་རིགས་ཀྱི་མི་སྣ་བཅས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཞེད་དོན་གཙོ་བོའི་གཏམ་བཤད་ནང་དུ། ཀྲུང་གོས་སྔར་བས་སྒོ་མོ་རྒྱ་ཆེར་གཏོང་བའི་བརྡ་རྟགས་དྲག་པོ་སླར་ཡང་བཏང་བ་དང་། ཀྲུང་གོ་དང་འཛམ་གླིང་གིས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་པའི་ཆོད་སེམས་དང་རྒྱལ་ཁབ་ཆེ་མོའི་འགན་འཁྲི་འཁུར་སེམས་སྟོན་པའི་ངོས་འཛིན་གནང་བ་རེད།
     ཁོ་ཐེ་ཏི་ཝོར་ཚོང་དོན་དང་བཟོ་ལས་པུའི་དཔོན་རིགས་ཨར་པེ·ཁུ་ཝ་ཐེ་ལེ་ཡིས་འགོ་ཚུགས་མཛད་སྒོ་འཚོག་ཡུལ་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གི་བཞེད་དོན་གཙོ་བོའི་གཏམ་བཤད་དེའི་ནང་ཀྲུང་གོས་ཁྲོམ་རའི་སྒོ་དབྱེར་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་སྐོར་བསྐྱར་བསྒྲགས་བྱས་པ་འདི་ནི་གལ་འགངས་ཧ་ཅང་ཆེན་པོ་ཞིག་རེད། ཁོ་ཐེ་ཏི་ཝོར་ཕྱོགས་ལ་ཀྲུང་གོའི་སྒོ་དབྱེའི་སྲིད་ཇུས་ནས་མུ་མཐུད་ཕན་པ་འཐོབ་བའི་རེ་བ་ཡོད་ཅེས་བརྗོད།
      ཨ་རིའི་ཚན་རྩལ་མཐོ་བའི་སྨན་བཅོས་ཀུང་སི་ཝ་ལི་ཨན་སྨན་བཅོས་མ་ལག་གི་ཙུང་ཚའེ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ཏའོ·ཝེར་ཤུན་གྱིས་གསར་འགོད་པར། མིག་སྔའི་གཏན་འཁེལ་མེད་པའི་རང་བཞིན་གྱིས་ཁེངས་པའི་གོ་ལ་ཧྲིལ་པོའི་ཁོར་ཡུག་འོག ཀྲུའུ་ཞི་ཞི་ཅིན་ཕིང་གི་བཞེད་དོན་གཙོ་བོའི་གཏམ་བཤད་ནང་དུ་བརྡ་རྟགས་ཧ་ཅང་ཡག་པོ་དང་བརྟན་པོ་ཞིག་བཏང་བས། རྒྱལ་སྒྲོལ་ཁེ་ལས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དང་ཁྲོམ་རའི་མི་མངོན་པའི་ནུས་པར་ཡིད་ཆེས་དང་རེ་སྒུག་བྱེད་སེམས་ཆེ་རུ་ཕྱིན་ཡོད་ཅེས་བརྗོད།
     ཨ་ཟེར་བྷེ་ཇན་རྒྱལ་ཁབ་ཚན་རིག་ཁང་ཤར་ཕྱོཌ་ཞིབ་འཇུག་སུའོ་ཡི་དགེ་རྒན་ཆེ་མོ་བ་ལ་ཧྥེ་ཁེ·ཨ་པ་སོ་ཕུས་རྒྱལ་ས་བྷ་ཁུ་རུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། མིག་སྔའི་འཛམ་གླིང་དཔལ་འབྱོར་ལ་འཕྲད་པའི་གཏན་འཁེལ་མེད་པའི་རང་བཞིན་མུ་མཐུད་ཆེ་རུ་སོང་བའི་རྒྱབ་ལྗོངས་འོག ཀྲུང་གོའི་འགོ་ཁྲིད་པས་སྒོ་དབྱེ་མཉམ་ལས་ཀྱི་འཛམ་གླིང་དཔལ་འབྱོར་མཉམ་དུ་སྐྲུན་རྒྱུའི་གྲོས་འགོ་བཏོན་གནང་བ་དེས། རྒྱལ་སྤྱིའི་སྤྱི་ཚོགས་ལ་མི་མངོན་པའི་ཉམས་ལེན་ལས་རྣམ་པར་རྒྱལ་བ་དང་ཐུན་མོང་ཐོག་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད་ཅེས་བརྗོད།
     ཁམ་ཕུ་ཁྲེ་སྲིད་གཞུང་གི་མགྲིན་ཚབ་པ་ཕ་ཞི་ཧྥན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཞེད་དོན་གཙོ་བོའི་གཏམ་བཤད་ནང་གི་འབྲེལ་ཡོད་ཀྱི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་མཐའ་འཁྱོངས་བྱེད་རྒྱུའི་སྐོར་གྱི་རྣམ་བཤད་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། ཁོང་གིས་ཁམ་ཕུ་ཁྲེ་ནི་དུས་དང་རྣམ་པ་ཀུན་ཏུ་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཅིག་ཡིན། ཕྱོགས་མང་ཚོང་དོན་གྱིས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་མ་ཟད། འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་མཉམ་ལས་ལའང་སྐུལ་འདེད་གཏོང་གི་ཡོད་ཅེས་བརྗོད།
     ཞི་ཅིན་ཕིང་གིས་གཏམ་བཤད་གནང་སྐབས། སྒོ་དབྱེ་གསར་གཏོད་ཀྱི་འཛམ་གླིང་དཔལ་འབྱོར་མཉམ་དུ་སྐྲུན་པ་དར་སྤེལ་གཏོང་དགོས་ལུགས་བཏོན་ཡོད། རི་པིན་ཕུའུ་ཧྲི་ཐུང་སྤྱི་ཁྱབ་ཞིབ་འཇུག་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་དབུ་ཞུགས་ཞིབ་འཇུག་པ་ཅིན་ཅན་མའེ་ཡིས། ཀྲུང་གོས་སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་། འཕེལ་རྒྱས། གསར་གཏོད་བཅས་ལ་སྐུལ་འདེད་བཏང་སྟེ་ཤེས་བྱ་དང་། ལག་རྩལ། ཤེས་ལྡན་པ་སོགས་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་རྒྱུན་འཁོར་ལ་ཚོད་འཛིན་བཟོ་བའི་མཁར་རྫོང་ཧུར་ཐག་གཏོར་རྒྱུ་ཡིན་པ་དེས་ཐོན་ལས་ལས་རིགས་དང་། གསར་གཏོད་ལས་གཏོད་པར་མུ་མཐུད་ཕན་པ་ཐོགས་པ་དང་། ལྷག་པར་དུ་ཀྲུང་གོ་དང་དེ་བཞིན་འཛམ་གླིང་རྒྱལ་ཁབ་གཞན་དག་ཚང་མར་དེ་ནས་ཕན་པ་འཐོབ་སྲིད་ཅེས་བརྗོད།
     ཙན་པི་ཡའི་ཕྱི་འབྲེལ་པུའི་པུའུ་ཀྲང་ཟུར་པ་ཧྥེ་ནུང·མུ་ཝང་ཅཱ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་སྒོ་དབྱེ་གསར་གཏོད་ཀྱི་འཛམ་གླིང་དཔལ་འབྱོར་མཉམ་སྐྲུན་དང་གསར་གཏོད་ཀྱི་གྲུབ་འབྲས་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་ཤེས་བྱ་དང་། ལག་རྩལ། ཤེས་ལྡན་པ་སོགས་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་རྒྱུན་འཁོར་ལ་ཚོད་འཛིན་བཟོ་བའི་མཁར་རྫོང་ཧུར་ཐག་གཏོར་རྒྱུ་དེར་མོས་མཐུན་ཡོད་ཅེས་བརྗོད།