འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་8ཉིན།

༄༅༎ཁྲོན་བོད་ལམ་རྒྱུད་ཀྱི་ཕ་བུ་གཉིས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་08ཉིན། 09:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་11པའི་ཟླ་འགོའི་ཞོགས་པ་ཞིག་ལ། དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་9ཟིན་ནས་ས་བབ་མཐོ་ཚད་སྨི་4200ཡོད་པའི་ན་ཁར་བ་མོ་ཆགས་པ་དང་མཐའ་བཞི་གངས་རིའི་ར་བས་བསྐོར། ཁྲེན་ཏཱ་ཁང་གིས་མིག་མདུན་གྱི་ཁྲོན་བོད་གཞུང་ལམ་ལ་ལྟ་བཞིན་འཁྱགས་ནས་སྦྲིད་པའི་ལག་ཟུང་འཕུར་བཞིན་དུ་ནུབ་བྱང་ཕྱོགས་སུ་མཛུབ་མོ་བཙུགས་ཏེ“ཀྱོག་ཙམ་བྱས་ནས་གཉེན་ཉེ་ཞིག་ཐུག་པར་འགྲོ”ཞེས་བཤད་མ་ཐག བུ་ཁྲེན་ཆང་གིས་རླངས་འཁོར་གྱི་ཁ་ལོ་གཅུ་ཙམ་བྱས་ནའང་སེམས་ནང་གངས་ལྗོངས་ས་མཐོར་ང་ཚོར་གཉེན་ཉེ་ཞིག་ཡོད་པ་གོ་མ་མྱོང་སྙམ།
     སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་སེར་ཤུལ་རྫོང་གྲོང་ཁུལ་སློབ་ཆུང་གི་སྒོ་རྩར་རླངས་འཁོར“ཙིར”ཞེས་ཁ་བཀག སེར་ཤུལ་རྫོང་གི་རྫོང་དཔོན་བློ་ལྷུན་གྱིས་བསུ་བ་ཞུ་བཞིན་ཁྲེན་ཏཱ་ཁང་གི་ལག་པ་ནས་བཟུང་སྟེ“ཁྱེད་རང་གཞི་ནས་ཕེབས་བྱུང”ཞེས་བཤད། སློབ་ཁང་ནང་འཛུལ་མ་ཐག་ཕྲུ་གུ་ཁྱུ་ཞིག་གི་ལག་ཏུ་ཁ་བཏགས་བཟུང་ཡོད་པ་མཐོང་སྐབས། ཁྲེན་ཆང་གིས་ད་གཟོད་གཞི་ནས་གཉེན་ཉེ་ཟེར་བ་ཁོང་ཚོ་ཡིན་པ་ཚོར།
     ལོ་17ལ་སླེབས་པའི་བུ་མོ་སྦྱིན་པ་ལྷ་མོས་ངོ་ཚ་སྨིན་པོས་དགོད་འཚེར་འཚེར་བྱེད་པ་དང་གནག་ཅིང་སྣུམ་པའི་སྐྲ་ལོ་དང་དམར་མདངས་བཀྲ་བའི་སྐེ་དར་དམར་པོ་ཕན་ཚུན་གཅིག་ལ་གཅིག་བརྒྱན་དུ་སྣང་། ཁོ་མོས་ཁྲེན་ཏཱ་ཁང་གི་ལག་པ་ནས་བཟུང་སྟེ“སྤོ་ལགས། བཀྲ་ཤིས་བདེ་ལེགས”ཞེས་བཤད།
     འགྲམ་དུ་ཡོད་པའི་དགེ་རྒན་སྒྲོལ་མས་ལྷ་མོ་དམའ་འབྲིང་ལོ་རིམ་དང་པོ་འགྲིམ་མ་ཐག་ཡིན་པ་དང་། ཁྱིམ་དུ་གཅེན་གཅུང་མིང་སྲིང་4ཡོད་པས་དཀའ་ངལ་ཧ་ཅང་ཆེན་པོ་འདུག་ཅེས་ངོ་སྤྲོད་བྱས།
     སེར་ཤུལ་ནི་མཚོ་བོད་ས་མཐོའི་ཤར་ལྷོའི་མཐའ་མཚམས་ཀྱི་སི་ཁྲོན་ཞིང་ཆེན་དང་། མཚོ་སྔོན་ཞིང་ཆེན། བོད་རང་སྐྱོང་ལྗོངས་བཅས་གསུམ་གྱི་འབྲེལ་མཚམས་སུ་གནས་ཤིང་། སི་ཁྲོན་གྱི་ཐག་རིང་ཤོས་དང་། འགྲིམ་འགྲུལ་ཞན་ཤོས། ས་བབ་མཐོ་ཤོས་བཅས་ཀྱི་རྫོང་གི་གྲས་ཤིག་ཡིན་པས། གངས་ལྗོངས་ས་མཐོའི“ཆེས་གྲང་ངད་ཁུལ”ཞེས་འབོད་ཀྱི་ཡོད། གློག་རྡུལ་ཚན་རྩལ་སློབ་ཆེན་གྱི་EMBAསློབ་གྲོགས་ཚོགས་པའི་ཚོགས་གཙོ་གཞོན་པ་ཡིན་པའི་ཁྲེན་ཏཱ་ཁང་གིས་འདི་གའི་སློབ་མ་རྣམས་ཀྱི་དཀའ་ངལ་ཤེས་རྗེས་སློབ་གྲོགས་ཚོགས་པའི་ཚབ་བྱས་ནས་སློབ་གྲྭ་དེའི་སློབ་མ་དབུལ་པོ་26ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་ཟླ་རེར་མི་རེར་རོགས་དངུལ་སྒོར་200སྤྲོད་ཀྱི་ཡོད། དངུལ་མང་པོ་དེ་ཙམ་མེད་ཀྱང་ཕྲུ་གུ་ཚོའི་དཀའ་ངལ་བསལ་ཡོད་པ་རེད།
     “ང་སློབ་ཕྱིའི་དཔེ་དེབ་ལྟ་རྒྱུར་དགའ་པོ་ཡོད། དེས་མཐོང་རྒྱ་ཆེ་རུ་འགྲོ་ཡི་འདུག དེ་སྔོན་དེབ་ཉོ་བའི་དངུལ་མེད། འོན་ཀྱང་ད་ཆ་ཉོ་ཐུབ་སོང”ཞེས་ལྷ་མོས་བཤད།
     ཕྱི་རྒྱལ་དུ་སློབ་སྦྱོང་ལ་ཕྱིན་ནས་ལོག་མ་ཐག་པའི་ཁྲེན་ཆང་གིས་ཨ་ཕས་རང་ཉིད་ལ་མིག་དཔེ་ཡག་པོ་འདི་འདྲ་ཞིག་བསྟན་པ་བསམ་ཡུལ་ལས་འདས། ཁོ་པས་བོད་རིགས་གྲོགས་པོ་ཆུང་ཆུང་ཚོའི་འཛུམ་མདངས་འཕྱུར་བའི་ངོ་གདོང་ལ་བལྟས་ནས་ཨ་ཕས་རང་ཉིད་ཁྲིད་དེ་ཁྲོན་བོད་གཞུང་ལམ་ཐོག་ལེ་དབར་ཁྲི་བསྐྱོད་པའི་བསམ་པ་དང་དམིགས་ཡུལ་འཕྲལ་མར་རྟོགས།
     “ངས་མི་ཁག་གཅིག་གིས་ད་དུང་ཆུ་སྒལ་པར་ཁུར་ནས་ལེན་པ་དང་ཟས་སོང་ཆེད་དུ་སེམས་ཁྲལ་བྱེད་པ་མཐོང་སྐབས་དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེའི་དོན་སྙིང་ཤེས་བྱུང” ངས་སེམས་ཐག་གཙང་བཅད་ཀྱིས་ཁྲོན་བོད་གཞུང་ལམ་རྒྱུད་དུ་བོད་རིགས་ས་ཁུལ་གྱི་སྤུན་ཟླ་ཚོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཚོལ་རོགས་བྱེད་པ་དང་ཐོན་ལས་འཕེལ་རྒྱས་གཏོང་བར་བརྟེན་ནས“318མཛེས་ཤོས”ལ་སྐུལ་ཁྲིད་བྱ་རྒྱུ་ཡིན། “ཨ་ཕས་དང་ཐོག་ང་ཁྲིད་དེ་ཉིན་6ནང་ཁྲོན་བོད་གཞུང་ལམ་དུ་བསྐོར་བ་གཅིག་རྒྱག་པའི་འཆར་གཞི་དེ། མཐར་ཉིན་20བསྐྱོད་པ་ཡིན། ལམ་བར་དུ་ཇི་ལྟར་བྱས་ཏེ་ཐོན་ལས་ལ་བརྟེན་ནས་བོད་རིགས་ས་ཁུལ་འཕེལ་རྒྱས་ལ་རམ་འདེགས་དེ་བས་ལེགས་པ་བྱེད་པ་དང་ཇི་ལྟར་བྱས་ཏེ་ཁྲོན་བོད་གཞུང་ལམ་འདི་ཉིད་བདེ་སྐྱིད་ལྡན་པའི་མཁའ་ལམ་དུ་དངོས་སུ་འགྱུར་བའི་ཐད་བསམ་བློ་མང་པོ་བཏང་བ་ཡིན”ཞེས་ཁྲེན་ཆང་གིས་གསར་འགོད་པར་བཤད།
     ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་གྱི“ལམ་གཉིས་ཀྱི་སྙིང་སྟོབས”ཁོང་ཕ་བུ་གཉིས་ཀྱི་ལུས་ཐོག་ནས་གསལ་བར་མངོན་ཞིང་། མི་མང་དག་ཅིག་ཀྱང་ཁོང་གཉིས་དང་འདྲ་བར་ཁྲོན་བོད་ལམ་རྒྱུད་དུ་བོད་རིགས་ས་ཁུལ་འཕེལ་རྒྱས་མྱུར་པོ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་རྒྱུག་མཐུད་འགྲན་བསྡུར་ཞིག་དང་འདྲ་བར་སྐད་གྲགས་མེད་པར་བྲེལ་བརྩོན་བྱེད་བཞིན་ཡོད། རོགས་སྐྱོར་སྟོབས་ཤུགས་སྣ་ཚོགས་ཁྲོན་བོད་གཞུང་ལམ་བརྒྱུད་དེ་ཟམ་མི་ཆད་པར་ཡོང་བ་དང་སྦྲགས། རང་རྒྱལ་གྱི་བོད་རིགས་ས་ཁུལ་ཆེ་གྲས་གཉིས་པ་ཡིན་པའི་དཀར་མཛེས་ཀྲོའུ་ཡི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་22ནས་ཁྲི་3.35བར་ཉུང་དུ་སོང་བ་དང་། མི་འགྱང་བར་དབུལ་པོའི་གནས་ལས་རྦད་དེ་སྒྲོལ་ཐུབ་རྒྱུ་ཡིན་པ་རེད།