འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་8ཉིན།

༄༅༎སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་རྒྱུའི་ཁས་ལེན་བྱས་པ་ནི་ཀྲུང་གོས་འབྱུང་འགྱུར་ལ་ཕྱོགས་པའི
“གསལ་བསྒྲགས་གལ་ཆེན”ཞིག་ཡིན་པ།

—— མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་དང་འཕེལ་རྒྱས་ཚོགས་འདུའི་དྲུང་ཆེ་ཅིས་ཐུའུ་དབྱིར་བཅར་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་07ཉིན། 17:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་དང་འཕེལ་རྒྱས་ཚོགས་འདུའི(ཚོང་འཕེལ་ཚོགས་འདུ)དྲུང་ཆེ་མུའུ་ཤིས་ས·ཅིས་ཐུའུ་དབྱིས་ཉེ་ཆར་ཀྲུང་གོས་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་རྒྱུའི་ཁས་ལེན་བྱས་པ་ནི་འབྱུང་འགྱུར་ལ་ཕྱོགས་པའི“གསལ་བསྒྲགས་གལ་ཆེན”ཞིག་ཡིན། དེ་ཐོག་ནས་ཀྲུང་གོས་ཡང་དག་པའི་ཁ་ཕྱོགས་སུ་སླར་ཡང་གོམ་སྟབས་ཤིག་སྤོས་པ་མངོན་ཡོད་ཅེས་བརྗོད་པ་རེད།
     ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་ཟླ་11ཚེས་5ཉིན་ནས་ཚེས་10ཉིན་བར་ཧྲང་ཧའེ་རུ་གཉེར་བ་དང་། ཅིས་ཐུའུ་དབྱི་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཐེངས་གཉིས་པ་གདན་དྲངས་པ་རེད། ཁོང་གིས་ཕེབས་ཁར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། འགྲེམས་ཞུགས་གཞི་ཁྱོན་ནས་ཐོབ་རེ་བྱེད་པའི་གྲུབ་འབྲས་བར་བལྟས་ཚེ། འདི་ལོའི་ནང་འདྲེན་དངོས་མང་སྟོན་ཚོགས་ན་ནིང་དང་བསྡུར་ན་རྒྱ་ཆེར་གང་ཙམ་སོང་བ་ལས་ཕྱོགས་ཁག་གིས་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཡིད་ཆེས་ཀྱིས་ཁེངས་པ་མཚོན་གྱི་ཡོད་ཅེས་བརྗོད་པ་རེད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་འཛུགས་སྒྲིག་གཞིའི་གྲས་ཤིག་ཡིན་པའི་ཚོང་འཕེལ་ཚོགས་འདུའི་དམིགས་ཡུལ་ནི། རྒྱལ་སྤྱིའི་ཚོང་དོན་ལ་སྐུལ་འདེད་གཏོང་བ་དང་། ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྒྱལ་སྤྱིའི་ཚོང་དོན་དང་དཔལ་འབྱོར་མ་ལག་ཁྲོད་མཉམ་འདྲེས་བྱེད་རོགས་བྱ་རྒྱུ་དེ་རེད། ཅིས་ཐུའུ་དབྱིས་ཕྱིར་གཏོང་ལ་བརྟེན་ནས་འཕར་རྒྱུར་སྐུལ་ཁྲིད་ཡོང་ཐབས་བྱེད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ངོས་ནས་བརྗོད་ན། ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་ཐོབ་དཀའ་བའི་གོ་སྐབས་བསྐྲུན་པ་དང་རྒྱལ་ཁབ་དེ་དག་གི་ཐོན་རྫས་དང་ཞབས་ཞུར་ཁྲོམ་ར་ཆེན་པོ་ཞིག་བཏོད་ཡོད་ཅེས་ནན་བཤད་གནང་བ་དང་། ཁོང་གིས་ད་ཐེངས་ཀྱི་ནང་འདྲེན་དངོས་མང་སྟོན་ཚོགས་ཐོག་མངགས་ཐོ་དེ་བས་མང་བ་ཐོན་པ་མ་ཟད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ལས་འབྲིང་ཆུང་ལ་འགྲེམས་སྟོན་གོ་སྐབས་དེ་བས་མང་བ་མཁོ་འདོན་ཐུབ་པའི་རེ་སྒུག་བྱེད་བཞིན་ཡོད།
     དེ་དང་དུས་མཚུངས། ཁོང་གིས། ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་གྲུབ་འབྲས་དེ་འགྲེམས་ཚོགས་གཉེར་རིང་གི་གཟའ་འཁོར་ཙམ་དུ་མ་ཟད། མུ་མཐུད་སྣུར་སྲིང་ཐུབ་རེ་ཡོད་པ་དཔེར་ན། ཀྲུང་གོའི་ཁེ་ལས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོར་ཡུལ་དེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྲོད་མ་དངུལ་གཏོང་བ་དང་འབྱུང་འགྱུར་མུ་མཐུད་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་དེ་དག་གི་ཐོན་སྐྱེད་ནུས་པ་དང་ལས་ཕྱོད་ཆེ་རུ་གཏོང་རོགས་བྱས་ཐོག ཀྲུང་གོར་ཕྱིར་གཏོང་བྱེད་ནུས་ཆེ་རུ་གཏོང་དགོས་ཞེས་བརྗོད་པ་རེད།
     ཅིས་ཐུའུ་དབྱིས། དེང་སྐབས་དཔལ་འབྱོར་སྒྲིག་གཞི་གཙོ་བོ་ཁ་ཤས་ཀྱིས་སྲུང་སྐྱོང་རིང་ལུགས་གདམ་ག་བྱེད་ཀྱི་ཡོད། དེས་ན་ཀྲུང་གོས་རྒྱལ་སྤྱིའི་མཉམ་ལས་དང་མཐུན་སྒྲིལ་དར་སྤེལ་བཏང་སྟེ། རང་ངོས་ཀྱི་དཔལ་འབྱོར་སྒོ་མོ་ཕྱེ་བ་བརྒྱུད་རྒྱལ་ཁབ་གཞན་དག་ལ་གོ་སྐབས་བསྐྲུན་ནས། ཁོང་ཚོས་དེ་བས་རྒྱ་ཁྱབ་དང་དེ་བས་གཏིང་ཟབ་སྒོ་ནས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ནང་ཞུགས་སུ་འཇུག་གི་ཡོད་ཅེས་བརྗོད་པ་རེད།
     ཅིས་ཐུའུ་དབྱིས་འདས་ཟིན་པའི་ལོ་མང་རིང་། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ངང་འཕར་བ་དེས་དཔེ་མཚོན་ཞིག་བཏོད་པ་སྟེ། དེ་བས་ཕུལ་དུ་བྱུང་བའི་རྒྱལ་སྤྱིའི་ཁྲོམ་རར་བརྟེན་ནས་རང་ངོས་ཀྱི་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ། རྒྱལ་ཁབ་དེ་གའི་དབུལ་ཕོངས་གནད་དོན་ཐག་གཅོད་བྱེད་པ་དང་དུས་མཚུངས། རྒྱལ་ཁབ་གཞན་དག་ལའང་འཕེལ་རྒྱས་ཀྱི་གོ་སྐབས་བསྐྲུན་པ་དེ་རེད་ཅེས་ངོས་འཛིན་བྱས་པ་རེད།