འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་6ཉིན།

༄༅༎ཟི་ལིང་དུ་དགུན་ཁ་ཤར་རྗེས་ཀྱི་གངས་ཐོག་མ་བབས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་06ཉིན། 08:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་1ཉིན་གློག་འཕྲིན་འབྱོར་གསལ། མཁའ་རླུང་གྲང་མོའི་རྐྱེན་གྱིས་ཟླ་10ཚེས་30ཉིན་གྱི་དགོང་མོ་ནས་བཟུང་མཚོ་སྔོན་གྱི་ས་ཆ་མང་ཆེ་བར་གངས་མ་ཆར་བབས་ཡོད། ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་དུ་ཚེས་31ཉིན་གྱི་སྔ་དྲོར་དགུན་ཁ་ཤར་རྗེས་ཀྱི་གངས་ཐོག་མ་དེ་ལྷབ་ལྷུབ་ཏུ་བབས་པས་གྲོང་ཁྱེར་ཡོངས་ཀྱི་བར་སྣང་དུ་འཕྲལ་མར་རླངས་པས་ཁེངས།
     མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱི་མཐོ་རིམ་བཟོ་བཀོད་པ་ཏའེ་ཧྲེང་གིས་གནམ་གཤིས་རིག་པའི་ཚད་གཞི་གཞིར་བཟུང་། ཉིན་5བསྟུད་མར་ཉིན་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་10ལས་དམའ་བ་དང་དགུན་ཁ་འཆར་བར་མཚོན་ནའང་ཉིན་དང་པོ་དེ་དགུན་ཁ་འཆར་བའི་ཉིན་རེད། གནམ་གཤིས་དཔྱད་གཞིར་དབྱེ་ཞིབ་བྱས་པར་གཞིགས་ན་ཟླ་10ཚེས་4ཉིན་ནས་བཟུང་ཟི་ལིང་དུ་དགུན་ཁའི་གནམ་གཤིས་བསྟན་ཡོད་པ་རེད།
     མཚོ་སྔོན་ཞིང་ཆེན་གྱི་ད་ཐེངས་ཀྱི་གངས་མ་ཆར་གྱི་གནམ་གཤིས་ནི་ཟླ་10ཚེས་30ཉིན་གྱི་དགོང་མོ་ནས་འགོ་ཚུགས་ཤིང་། ཞིང་ཆེན་ཡོངས་ཀྱི་གནམ་གཤིས་ལྟ་དཔྱད་ཚད་འཇལ་ས་ཚིགས་28ལ་གངས་འབབ་རྒྱུ་མངོན་ཡོད་པ་དང་གཙོ་བོ་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་སོགས་ལ་འབབ་རྒྱུ་ཡིན་པ་རེད། གངས་འབབ་ཁུལ་ལྟེ་གནས་ཡིན་པའི་མགོ་ལོག་གཅིག་སྒྲིལ་རྫོང་དུ་ཆར་ཆུ་བབ་ཚད་ཧའོ་སྨི་4ཟིན་པ་དང་གངས་གསོག་མཐུག་ཚད་ལི་སྨི་2ཟིན་པ་རེད།
     གནམ་གཤིས་རིགས་གཅིག་མཁས་ཅན་གྱིས་གངས་ཐོག་མར་བབས་པས་ཟི་ལིང་གྲོང་ཁྱེར་ཡོངས་ཀྱི་མཁའ་རླུང་དེ་བས་བཞའ་ཚན་ཆེ་རུ་ཕྱིན་ཡོད་ལ། ཉིན་ཤས་བསྟུད་མར་མཐོ་རུ་འགྲོ་བཞིན་པའི་མེ་སྐྱོན་ཉེན་ཁའི་རིམ་པའང་དམའ་རུ་ནུས་ལྡན་སོང་ཡོད་ཅེས་བཤད། གནམ་གཤིས་སྔོན་བརྡ་གསར་ཤོས་གཞིར་བཟུང་། ད་ཐེངས་ཀྱི་མཁའ་རླུང་གྲང་མོ་འཕར་ཆགས་མགྱོགས་པས་ཟླ་11ཚེས་1ནས་ཚེས་3ཉིན་བར་ཞིང་ཆེན་ཡོངས་ཀྱི་གནམ་གཤིས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་ཆབས་ཅིག དྲོད་ཚད་ཀྱང་མངོན་གསལ་དོད་པོས་འཕར་བ་རེད།