འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་10ཉིན།

༄༅༎པཎ་ཆེན་མཆོག་གིས་ང་ཚོ་མི་རབས་འདིར་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་05ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ལེའང་ཅ་ཧོ་གྲོང་ཚོར་གྲོང་ཚོའི་ལོ་རྒྱུས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བའི་རྣམ་པ་ཡིན་པ།
འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ལེའང་ཅ་ཧོ་གྲོང་ཚོར་གྲོང་ཚོའི་ལོ་རྒྱུས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བའི་རྣམ་པ་ཡིན་པ།
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཧྲའན་ཞི་རུ་སློབ་སྦྱོང་བརྟག་ཞིབ་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་མཇུག་བསྒྲིལ་པ་རེད། པེ་ཅིང་དུ་ཕྱིར་ལོག་པའི་ལམ་བར་དུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་ཞིང་། ད་རེས་ཀྱི་གྲུབ་འབྲས་དང་མྱོང་ཚོར་སྐོར་གླེང་སྐབས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ང་ཚོ་མི་རབས་འདིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་པ་མཐོང་རྒྱུར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད། 
     ཟླ་10ཚེས་15ཉིན་ནས་ཚེས་24ཉིན་བར། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་སྔ་རྗེས་སུ་ཞི་ཨན་དང་། པའོ་ཅི། ཡན་ཨན། ཝེ་ནན་སོགས་ས་ཆར་ཕེབས་ནས་ཧྲའན་ཞིའི་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། དམངས་འཚོ་བདེ་སྐྱིད་ལེགས་གཏོང་། ཆོས་ལུགས་ཞི་མཐུན་དང་དེ་བཞིན་ལོ་རྒྱུས་རིག་གནས་ཀྱི་རྨང་མཐུག་པོ་བཅས་ལ་ཉམས་སུ་མྱངས་པ་རེད། འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་2004ལོ་དང་2014ལོའི་རྗེས་སུ་ཧྲའན་ཞིར་འཚམས་འདྲིར་ཕེབས་ཐེངས་གསུམ་པ་དེ་ཡིན། 
     ཉིན་བཅུའི་འགྲུལ་བཞུད་ནང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དུས་ཚོད་ཕྱེད་ཀ་ཡན་ཨན་དུ་བཀོད་སྒྲིག་གནང་ནས་ཁ་སུར་ལྡུམ་ར་དང་། དབྱང་ཅ་ལིན། ཧྥེང་ཧོང་ཧྲན། ནན་ཉི་མཚོ་ཁུག་སོགས་ཚུད་པའི་གསར་བརྗེའི་གནས་རྙིང་ཚང་མར་ཕེབས་ཡོད། ངེས་པར་དུ་ཡན་ཨན་ལ་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་ཡོང་དོན་ཅི་ཡིན་སྐོར་གླེང་སྐབས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་གཙོ་བོ་ཕྱོགས་གཉིས་ཀྱི་རྒྱུ་རྐྱེན་ཡོད་པར་གསུངས་ཏེ། 
     དང་པོ་ནི་འབྱུང་རྩ་རྩད་གཅོད་བྱ་རྒྱུ་དེ་ཡིན། ཉེ་རབས་ནས་བཟུང་ཀྲུང་གོས་སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་། སྤྱི་ཚོགས་ཀྱི་དུས་རིམ་མི་འདྲ་བ་བརྒྱུད་མྱོང་མོད། འོན་ཏེ་ཀྲུང་གོའི་གུང་ཁྲན་ཏང་ཁོ་ནས་ཀྲུང་གོའི་མི་དམངས་བཙན་རྒྱལ་རིང་ལུགས་ཀྱི་འཆིང་རྒྱ་ལས་ཐར་ཐུབ་པ་དང་། བཀས་བཀོད་རྒྱུད་འཛིན་གྱི་བསམ་བློའི་ཤུགས་རྐྱེན་ལས་ཐར་ཐུབ་པ། ཀྲུང་གོའི་མི་དམངས་དབུལ་ཕོངས་ནས་ཕྱུག་པོར་འགྱུར་བ་དང་། རྗེས་ལུས་ནས་ཤེས་རིག་གི་ཕྱོགས་སུ་སྐྱོད་ཐུབ་པ། ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་ཕྱུག་པོར་འགྱུར་བ་དང་ཕྱུག་པོར་འགྱུར་བ་ནས་སྟོབས་ཆེ་རུ་འགྱུར་བ་བཅས་ཀྱི་ལོ་རྒྱུས་ཀྱི་ལས་འགན་ལེགས་གྲུབ་བྱུང་བ་རེད། ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཞིག་ཡིན་པའི་ངོས་ནས། ངས་ཆུང་དུས་ནས་རྒྱལ་ཁབ་དང་མི་དམངས་ལ་ཕན་འདོགས་པ་དང་། རང་ཉིད་ཀྱི་ནུས་པ་ཡོད་རྒུ་སྤྱད་དེ་འགྲོ་བ་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། བསམ་འདུན་དེའི་ངོས་ནས། བདག་གིས་ཀྲུང་གོ་གུང་ཁྲན་ཏང་གི་རིན་ཐང་དོན་གཉེར་དང་གསར་བརྗེའི་སྙིང་སྟོབས་ཤེས་རྟོགས་དང་སློབ་སྦྱོང་བྱེད་པར་དགོས་པ་ཧ་ཅང་ཆེན་པོར་མཐོང་བ་དང་། གསར་བརྗེའི་གནས་མཆོག་ཡན་ཨན་དུ་ཀྲུང་གོ་གུང་ཁྲན་ཏང་གི་ཐོག་མའི་བསམ་འདུན་མྱོང་ཚོར་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།
     གཉིས་པ་ནི་རང་ཉིད་ལ་སྐུལ་མ་གཏོང་རྒྱུ་དེ་ཡིན། གསར་བརྗེ་པ་རྒན་རབས་ཚོའི་དཀའ་སྤྱད་འབད་འཐབ་དང་། འགན་འཁྲི་འཁུར་ཕོད་པ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་སློབ་སྦྱོང་དང་ཤེས་རྟོགས་བྱས་པ་བརྒྱུད། རྗེས་ཕྱོགས་ཀྱི་སློབ་སྦྱོང་དང་ལས་དོན་ཁྲོད་ངས་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཞབས་འདེགས་སྔར་ལས་ལེགས་པོ་ཞུ་བ་དང་། འགན་འཁྲི་སྔར་ལས་འཁུར་ཕོད་པ། བྱས་རྗེས་སྔར་ལས་འཇོག་ནུས་པར་སྐུལ་མ་གཏོང་ཐུབ་པ་དེ་ཡིན་ཞེས་གསུངས་པ་རེད། 
     པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཕྱོགས་དེ་གཉིས་ཀྱི་རྐྱེན་པས་རང་ཉིད་ངེས་པར་དུ་གསར་བརྗེ་གནས་མཆོག་དེ་དག་ལ་ཡོང་དགོས་པ་དང་། ཕྱིན་ཆད་ད་དུང་འདི་ལས་མང་བའི་གསར་བརྗེ་གནས་མཆོག་ཏུ་སོང་ནས་ལྟ་སྐོར་དང་སློབ་སྦྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 
     རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན་པ་དང་། ཧོང་ཏི་བང་སོ་ནི་ཀྲུང་ཧྭ་དཔལ་ཡོན་གྱི་བསམ་པའི་མཚོན་རྟགས་ཡིན། ཧུའུ་ཁོའུ་རྦབ་ཆུ་རུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཡུན་རིང་པོར་ཡར་བཞེངས་ཤིང་ཞལ་ནས་འདོན་པ་བཏོན་སོང་བ་དང་། ཧོང་ཏི་བང་སོ་རུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་སྨོན་ལམ་བྱང་བུ་ཞིག་ཆེད་དུ་ཞུས་ནས་སྟེང་དུ་“མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་། མི་རིགས་མཐུན་སྒྲིལ་ཡོང་བ། མི་དམངས་བདེ་སྐྱིད་ཡོང་བ”བཅས་ཀྱི་སྨོན་འདུན་བྲིས། 
     ད་རེས་ཀྱི་འགྲུལ་བཞུད་ནང་གི་རྨ་ཆུ་དང་ཧོང་ཏི་བང་སོ་གཉིས་ཀྱི་དོན་སྙིང་སྐོར་གླེང་སྐབས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས། ཧུའུ་ཁོའུ་རྦབ་ཆུའི་བརྗིད་ཉམས་ལྡན་པའི་རྣམ་པ་དེས་ཀྲུང་ཧྭ་མི་རིགས་ཀྱིས་རི་འགོག་དམག་འཁྲུག་རྒྱག་པའི་ཆོད་སེམས་ལ་སྐུལ་མ་བཏང་མྱོང་། ད་ལྟ་དུས་བབ་འགྱུར་ལྡོག་ཆེ་ལ། སྟོབས་ཤུགས་སྣ་ཚོགས་ཕན་ཚུན་བསྣོལ་མར་འདྲེས་ཡོད། ལྷག་པར་དུ་རང་རེའི་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་ནས་དུས་རིམ་འདིར་སླེབས་སྐབས། ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱི་སེམས་ཁྲལ་བསླངས་ཡོད་པས། བྱེད་ཐབས་སྣ་ཚོགས་སྤྱད་དེ་ང་ཚོར་བཀག་སྡོམ་དང་། འགལ་རྐྱེན། གཏོར་བཤིག་བཟོ་བཞིན་ཡོད། ད་ལྟ་རྨ་ཆུས་སྔར་བཞིན་ཀྲུང་ཧྭ་མི་རིགས་ལ་བསམ་པའི་སྒུལ་ཤུགས་སྦྱིན་ཐུབ། ངས་ཧུའུ་ཁོའུ་རྦབ་ཆུ་རུ་ཀྲུང་ཧྭ་མི་རིགས་ཀྱི་འགྲན་ཟླ་བྲལ་ཞིང་མི་རབས་ནས་མི་རབས་བར་ཉམས་པ་མེད་པའི་སྟོབས་ཤུགས་དེ་ཚོར་བྱུང་ཞེས་གསུངས། 
     “ང་ཚོ་མི་རབས་འདིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་པ་མཐོང་རྒྱུར་ང་ལ་ཡིད་ཆེས་བརྟན་པོ་ཡོད། ང་རང་ཉིད་ནི་ཞུགས་མཁན་ཞིག་དང་། ལག་ལེན་བསྟར་མཁན། ལེགས་སྐྱེས་འབུལ་མཁན་ཞིག་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ཡོད་”ཅེས་གསུངས། 
     ད་རེས་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཧོང་ཏིའི་བང་སོར་ཕེབས་ཐེངས་དང་པོ་རེད། བྱང་བུ་ཐོག་ཏུ་ཞུས་པའི་སྨོན་ལམ་སྐོར་བརྗོད་སྐབས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས“དེ་ནི་སྨོན་འདུན་ཡིན་ལ་དམ་བཅའ་ཞིག་ཀྱང་ཡིན་པས། ངས་མི་ཚེ་གང་བོ་དེའི་ཆེད་དུ་འབད་འཐབ་བྱ་རྒྱུ་ཡིན”ཞེས་གསུངས་པ་རེད། 
     ཟླ་10ཚེས་20ཉིན་གྱི་ཕྱི་དྲོ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཡན་ཨན་གྲོང་ཁྱེར་ཡན་ཁྲོན་རྫོང་ཝུན་ཨན་དབྱི་གྲོང་རྡལ་ལེའང་ཅ་ཧོ་གྲོང་ཚོར་གཟིགས་སྐོར་གནང་བར་ཕེབས་པ་རེད། ཚེས་23ཉིན་གྱི་ཕྱི་དྲོ་ཧྥུའུ་ཕིང་རྫོང་ལ་ཆེད་དུ་ཕེབས་ཏེ་ཞི་ཀྲུང་ཞུན་དྲན་གསོ་ཁང་དང་བཞུགས་གནས་རྙིང་པར་གཟིགས་སྐོར་དུ་ཕེབས་པ་རེད། 
     ལེའང་ཅ་ཧོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་བདུན་གྱི་གཞོན་ནུ་ཤེས་ཡོན་ཅན་གྱི་ལོ་ཟླ་སྐྱེལ་ཡུལ་ཡིན་པ་དང་། དེ་གར་ཞི་ཅིན་ཕིང་གིས་མང་ཚོགས་ནི་ཅི་ཞིག་ཡིན་པ་ཤེས་རྟོགས་བྱུང་བ་དང་གཞི་རིམ་མང་ཚོགས་ཀྱི་འཚོ་བ་མྱོང་ཚོར་ཐུབ་པ་རེད། ཧྥུའུ་ཕིང་ནི་བློ་མཐུན་ཞི་ཀྲུང་ཞུན་གྱི་སྐྱེ་ཡུལ་ཡིན་ཞིང་། བློ་མཐུན་ཞི་ཀྲུང་ཞུན་ནི་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་ལྡན་ཞིང་། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ཀྱི་ལས་ཀར་གཞོལ་པའི་རང་རེའི་ཏང་གི་འགོ་ཁྲིད་ཕུལ་དུ་བྱུང་བ་ཞིག་ཡིན། 
     པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ད་རེས་ལེའང་ཅ་ཧོ་དང་ཧྥུའུ་ཕིང་གང་དུ་སླེབས་ཀྱང་ལམ་བར་དུ་དེ་ལ་མྱོང་ཞིང་ཚོར་བཞིན་ཡོད། ཆེས་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་ལེན་པ་དང་། དགོངས་པ་དེ་ལ་ངོས་འཛིན་དང་རྒྱུས་ལོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་སླད་ཕྱིན་བོད་བརྒྱུད་ནང་བསྟན་ལས་རིགས་དང་དད་ལྡན་མང་ཚོགས་ལ་དེ་བས་ལེགས་པའི་སྒོ་ནས་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་དང་། བོད་བརྒྱུད་ནང་བསྟན་དེ་ཀྲུང་གོ་ཅན་གྱི་ཕྱོགས་སུ་མདུན་སྐྱོད་དང་འཕེལ་རྒྱས་འགྲོ་བ། བོད་བརྒྱུད་ནང་བསྟན་གྱིས་དུས་རབས་གསར་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཐུབ་པ་བཅས་བྱ་རྒྱུ་དེ་རེད་ཅེས་གསུངས། 
     སྤྱིའི་ཆ་ནས་ཧྲའན་ཞི་རུ་བསྐྱོད་པའི་མྱོང་ཚོར་སྐོར་གླེང་སྐབས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་སྐད་ཆ་ཚིག་ཁ་ཤས་ཐོག་ནས་འགྲུལ་བཞུད་ཧྲིལ་པོར་སྤྱི་བསྡོམས་བྱེད་ཁག་པོ་རེད། སྤྱིའི་ཆ་ནས་བརྗོད་ན་ཉིན་བཅུའི་ནང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་བྱུང་ཞེས་གསུངས།
འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ལེའང་ཅ་ཧོ་གྲོང་ཚོའི་གཞོན་ནུ་ཤེས་ཡོན་ཅན་གྱི་སྡོད་གནས་རྙིང་པར་གཟིགས་སྐོར་གནང་བའི་རྣམ་པ་ཡིན་པ།
འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ལེའང་ཅ་ཧོ་གྲོང་ཚོའི་གཞོན་ནུ་ཤེས་ཡོན་ཅན་གྱི་སྡོད་གནས་རྙིང་པར་གཟིགས་སྐོར་གནང་བའི་རྣམ་པ་ཡིན་པ།