འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་5ཉིན།

༄༅།།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་ཀྲུང་ཨུའི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་
པ་སྦྱིན་པ།

—— ཨུ་ཟ་བྷེ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཅང་ཡན་ལ་བཅར་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་05ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཚའེ་གོ་ཏུང་གིས།
     ཨུ་ཟ་བྷེ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ཨ་ལི་པོ་ཧྥུ་ཡི་གདན་ཞུས་ལྟར་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་11པའི་ཟླ་སྟོད་དུ་ཨུ་ཟ་བྷེ་ཁི་སི་ཐན་ལ་དངོས་སུ་འཚམས་འདྲི་གནང་བ་དང་འབྲེལ། ཐ་ཧྲི་ཀན་དུ་འཚོག་རྒྱུའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་སྲིད་གཞུང་འགོ་གཙོའི(ཙུང་ལི)ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅོ་བརྒྱད་པར་ཞུགས་མཁན་རེད། ཉིན་ཤས་གོང་དུ་ཨུ་ཟ་བྷེ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཅང་ཡན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུགས་ཁུར་དང་ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག་ཀྲུང་ཨུའི་ཁྱབ་ཁོངས་ཁག་གི་མཉམ་ལས་ད་ལྟ་ཆུ་ཚད་དེ་བས་མཐོ་བ་དང་། རིམ་པ་དེ་བས་མཐོ་བ། ཁྱབ་ཁོངས་དེ་བས་ཆེ་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་ལ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་ཀྲུང་ཨུའི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པའང་སྦྱིན་ཡོད་ཅེས་གསུངས་པ་རེད།
     ཅང་ཡན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྣེ་ཁྲིད་འོག་ཀྲུང་ཨུ་ཕྱོགས་གཉིས་པོའི་ཚོང་དོན་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་ཆེར་སོང་བ་དང་། ཚོང་དོན་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་སོང་བ། ཚོང་དོན་གྲངས་འབོར་རྒྱུན་ཆད་མེད་པར་མང་དུ་སོང་བ་མ་ཟད། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཞིང་ལས་ཐོན་ཟོག་སྤུས་ལེགས་ལ་ཀྲུང་གོའི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ན་ནིང་ཀྲུང་ཨུ་ཕྱོགས་གཉིས་པོའི་ཚོང་དོན་གྲངས་འབོར་ཨ་སྒོར་དུང་ཕྱུར་62.6ཟིན་པ་དེ་དུས་མཚུངས་ལས་48.4%འཕར་ནས་ཀྲུང་གོ་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་དང་། ནང་འདྲེན་བྱེད་ཁུངས་རྒྱལ་ཁབ་ཨང་དང་པོ། ཕྱིར་གཏོང་བྱ་ཡུལ་རྒྱལ་ཁབ་ཨང་དང་པོ་བཅས་ལ་གྱུར་ཡོད། ཨུ་ཟ་བྷེ་ཁི་སི་ཐན་དུ་ཚོང་གཉེར་བྱེད་མཁན་ཀྲུང་གོའི་ཁེ་ལས་1500ལྷག་ཙམ་གྱི་ཁྲོད་དུ་སྣུམ་རླངས་རྩད་ཞིབ་དང་། མདོང་ལམ་སྐྱེལ་འདྲེན། རྨང་གཞིའི་སྒྲིག་བཀོད། གློག་འཕྲིན། འཁལ་འཐག རྫས་འགྱུར་བཟོ་ལས། ཟོག་འགྲེམས། ཞིང་ལས་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད་ཅེས་གསུངས་པ་རེད།
      ཅང་ཡན་གྱིས། ཀྲུང་ཨུས“དམངས་སེམས་གཅིག་མཐུན”“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ནང་དོན་གལ་ཆེན་དང་སྔོན་བསྟར་གྱི་ཁ་ཕྱོགས་སུ་སྔ་ཕྱི་བར་གསུམ་དུ་བརྩིས་ནས་ཕྱོགས་གཉིས་པོའི་མི་ཆོས་རིག་གནས་མཉམ་ལས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དེའི་ནང་མཉམ་འབྲེལ་ཐོག་གནའ་རྫས་རྟོག་ཞིབ་དང་རིག་དངོས་ཉམས་གསོར་སྐུལ་འདེད་ཏན་ཏིག་བཏང་བ་རྒྱལ་ཁབ་གཉིས་པོའི་རིག་གནས་མཉམ་ལས་ཀྱི་བཀྲག་མདངས་འཚེར་སར་གྱུར་ཡོད། སང་ལོ་ནས་བཟུང་། ཨུ་ཟ་བྷེ་ཁི་སི་ཐན་གྱིས་ཀྲུང་གོའི་ཡུལ་སྐོར་བར་ཉིན་7ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་ཡིན་པས། ཀྲུང་གོའི་སྤྱི་དམངས་ལ་ཐོངས་མཆན་འགོད་མི་དགོས་པའི་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་པོར་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་མུ་མཐུད་མཉམ་ལས་དམ་ཟབ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་སྟབས་བདེ་ཅན་གྱི་ཐབས་ཤེས་གསར་པ་དང་། ཐབས་ལམ་གསར་པ། བྱེད་ཐབས་གསར་པ་བཅས་འཚོལ་ཞིབ་ཧུར་ཐག་བྱས་ནས“དམངས་སེམས་གཅིག་མཐུན”གྱི་དཔེ་མཚོན་གསར་པ་ལག་གདང་སྦྲེལ་ནས་གཏོད་འདོད་ཡོད་ཅེས་གསུངས་པ་རེད།
     ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་གནས་ཚུལ་དང་མདུན་ལམ་གྱི་སྐོར་གླེང་སྐབས། ཅང་ཡན་གྱིས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་2001ལོར་བཙུགས་ཚུན། ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་དང་། ཚོང་དོན་མ་འཇོག་སྟབས་བདེ་ཅན་གྱི་ཁོར་ཡུག་གཏོད་པ། ས་ཁོངས་ཀྱི་མཉམ་འབྲེལ་མཉམ་མཐུད་གཏོད་པ། དམངས་སེམས་གཅིག་མཐུན་བྱེད་པ་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་མིག་མཐོང་ལག་ཟིན་ཡིན་པ་དང་དེས་བརྩི་སྲུང་ཞུས་པའི“ཧྲང་ཧའེ་ཡི་སྙིང་སྟོབས”ཀྱི་ལྟེ་བའི་འདུ་ཤེས་ཀྱིས་རྩ་འཛུགས་དེར་གསོན་ཤུགས་དང་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་མདུན་ལམ་ལྡན་པའི་འགན་ལེན་བྱས་ཡོད། ཁོངས་མིའི་རྒྱལ་ཁབ་ཀྱིས་ཞི་བདེ་འཕེལ་རྒྱས་དོན་གཉེར་བྱེད་པའི་འགྲོ་ལམ་དུ་མཉམ་ལས་ཀྱི་སྤྱིའི་བགོ་གྲངས་ཆེ་ཤོས་རྙེད་ནས་འཛམ་གླིང་གི་རྩ་འཛུགས་གཞན་གྱི་མཉམ་ལས་ལ་དཔྱད་གཞི་ནུས་ལྡན་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད།