འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་5ཉིན།

༄༅༎ཤམ་བྷ་ལ་དང་འདྲ་བའི་ཕྱག་ཕྲེང་གི་བོད་རིགས་ས་ཁུལ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་05ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། ཞོགས་པའི་ཆུ་ཚོད་7པའི་ཐོག མཚོ་སྒང་སྤང་གཞུང་གངས་རིར་ཉི་ཟེར་གྱི་ན་བཟའ་བཀླུབས་ཡོད་པ་རེད།
     གསར་འགོད་པ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཕྱག་ཕྲེང་རྫོང་གི་བདེ་ཆུའི་གྲོག་རོང་དུ་ཆགས་པའི་ཕྲེང་སྟོད་ཤང་གྲོང་སྟོད་གྲོང་ཚོར་སྐྱོད་སྐབས། ལོ་63ལ་སོན་པའི་རྒན་པོ་རྡོ་རྗེས་སྒོ་ཁའི་སྡོང་རྒན་འོག་ཏུ་སྟར་ཁའི་པཌ་པ་བཤུ་བཞིན་འདུག གསར་འགོད་པ་མཐོང་རྗེས་ཁོང་གིས་སྤྲོ་སེམས་འཁོལ་པོས་འཚམས་འདྲི་ཞུས་པ་དང་སྦྲཌ་སྟར་ཁ་སྤར་མོ་གང་བླངས་ནས་སྤྲོད་ཞོར་ནང་དུ་གདན་འདྲེན་ཞུས་བྱུང་།
     སྒོ་ཆེན་དུ་འཛུལ་རྗེས་སྒོ་ར་ཆུང་ཆུང་ཞིག་ཡོད་པ་དང་། དེའི་ནང་དུ་ཀུ་ཤུའི་སྡོང་པོ་བཙུགས་པའི་ཐོག་ཏུ་ཀུ་ཤུ་ཆུང་ཆུང་མང་པོ་སྨིན་ལ། དེའི་འོག་ཏུ་ཁྱིམ་བྱ་སོགས་ཀྱིས་རྒུམ་འབུ་འཐུ་བཞིན་འདུག ཐོག་ཁང་དེ་ནི་ཁང་བརྩེགས་གསུམ་ཅན་ཞིག་ཡིན་ལ་ཁང་བརྩེགས་རེ་རེར་མཐོ་ཚད་ལ་སྨི་གསུམ་བཞི་ཡོད། སྔོན་ཆད་ཐོག་སོ་དང་པོ་ཕྱུགས་ར་ཡིན་མོད། ད་ཆ་མི་ཕྱུགས་ལོགས་སུ་དབྱེ་ནས། ཞིང་ལས་ཡོ་ཆས་དང་དངོས་ཟོག་ཙག་ཙིག་འཇོག་ས་ཡིན་ཞེས་རྒན་པོ་རྡོ་རྗེས་བརྗོད་པ་རེད།
     ཐོག་སོ་གཉིས་པའི་སྐས་ཀའི་ཁ་སྤྲོད་དུ་ཡོད་པའི་རྫ་དཀར་གྱིས་བཟོས་པའི་ལག་འཁྲུད་གཞོང་པ་དེ་གཙང་སིང་ངེར་ཡོད་ལ། དེའི་རྒྱབ་ཏུ་གསང་སྤྱོད་ཡོད་པ་རེད། གཡོན་ཕྱོགས་སུ་ཐབ་ཚང་དང་ཟ་ཁང་ཡིན་ལ། ཤིང་ལས་བཟོས་པའི་སྒྲོག་ཙེ་དང་རྐུབ་སྟེགས་ཚང་མ་བོད་བཟོ་ཡིན་པ་དང་། ཟ་ཁང་གི་གཞོགས་ཤིག་ཏུ་ཚོན་ལྡན་བརྙན་འཕྲིན་ཞིག་བཞག་ཡོད་ལ། དམའ་འབྲིང་འགྲིམ་བཞིན་པའི་ཚ་མོས་སྒྲོག་ཙེ་སྟེང་དུ་སྦྱོང་ཚན་འབྲི་གི་འདུག གཡས་ཕྱོགས་ནི་མགྲོན་བསུ་ཁང་ཡིན་ལ་དེ་ནས་སྦུག་ཏུ་བསྐྱོད་ན་མཆོད་ཁང་ལ་ཡིན་པ་རེད།
     རི་ལྡེབས་སུ། ཨ་ཕོ་བློ་བཟང་བསྟན་པས་སྒོ་ཁར་རླངས་འཁོར་འཇོག་གི་འདུག ཁོང་ཚང་གི་སྒོ་རའི་རྩིག་ངོས་སུ་བྱང་བུ་ཞིག་བཀལ་ཡོད་པ་དེའི་ཐོག་ཏུ་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་དུད་ཚང་ཡིན་ལ་ཀ་བ་35ཡོད་ཅེས་བྲིས་ཡོད་པ་རེད། འདི་ནི་ཕྱག་ཕྲེང་གི་བོད་ཁང་དཀར་པོ་དཔེ་མཚོན་ཅན་ཞིག་ཡིན་ཏེ། སྤྱིའི་བཟོ་ལྟ་སྐས་དབྱིབས་དང་འདྲ་ཞིང་། རྩིག་པའི་ཕྱི་ངོས་དཀར་པོར་བྱུག་པ་དང་། སྒོ་དང་སྒེའུ་ཁུང་ཚང་མར་རི་མོ་བརྐོས་ཤིང་། ཚོན་མདངས་ཧ་ཅང་བཀྲག་མདངས་ལྡན་པ་རེད།
     “ང་ཚོས་སྲོལ་རྒྱུན་ལ་སྲུང་སྐྱོང་ཡག་པོ་བྱས་ཡོད”ཅེས་ཨ་ཕོ་བློ་བཟང་བསྟན་པས་བརྗོད་པ་དང་། ཁོང་ནི་གཟུགས་སྟོབས་ཆེ་བའི་བོད་རིགས་སྟག་ཤར་ཅིག་ཡིན་ཡང་། ལག་རྩལ་དང་མ་དངུལ་མེད་པའི་རྐྱེན་གྱིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བདམས་པ་དང་། ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གིས་གསོ་ཚགས་ལག་རྩལ་གསོ་སྐྱོང་བྱས་པ་མ་ཟད། ད་དུང་སྒོ་ར་འཛུགས་སྐྲུན་དང་ཐབ་ཚང་དང་གསང་སྤྱོད་སྒྱུར་སྐྲུན་བྱེད་རོགས་ཀྱང་བྱས་པ་རེད། ལོ་ཁ་ཤས་ཀྱི་རྗེས་སུ། ཁོང་གྲུབ་འབྲས་ཐོབ་པའི་ངང་དབུལ་སྒྲོལ་ཐུབ་ནས་རླངས་འཁོར་ཉོས་པ་མ་ཟད། ད་དུང་ཡུལ་མིའི་སྡོད་ཁང་ཞིག་ཀྱང་གཉེར་རྩིས་བྱེད་ཀྱི་ཡོད་པ་རེད།
     འབུར་ལུང་གོང་གྲོང་ཚོར་ལོ་50ལ་སླེབས་པའི་བློ་བཟང་ཨ་མེས་དང་གྲོང་ཚོའི་ནང་གི་རྒན་རྒོན་རྣམས་ཀྱིས་མཆོད་རྟེན་ལ་སྐོར་བ་རྒྱག་བཞིན་འདུག ཉི་འོད་ཡུན་གྱིས་འཕྲོས་པ་དང་བསྟུན་ནས་ཁོང་ཚོའི་གདོང་ནས་བག་ཕེབས་ཀྱི་སྣང་བ་ཞིག་མངོན།
     བློ་བཟང་ཨ་མེས་གཞོན་དུས་སུ་ཕྱོགས་བཞི་མཚམས་བརྒྱད་ལ་འགྲོ་མྱོང་ལ། ཁྲེང་ཏུར་རླངས་འཁོར་ཆེ་གྲས་གཏོང་སྟངས་སློབ་སྦྱོང་བྱེད་པར་ཡང་འགྲོ་མྱོང་བས། འགྲིམ་འགྲུལ་གྱི་འགྱུར་ལྡོག་ལ་མྱོང་ཚོར་ཆེན་པོ་བྱུང་ཡོད་པ་སྟེ། “དེ་སྔ་ཕྱག་ཕྲེང་ནས་ཁྲེང་ཏུའུ་བར་གཟའ་འཁོར་གཅིག་ཙམ་འགྲོ་དགོས་ཀྱི་ཡོད། ད་ཆ་ལམ་བཟོས་ཚར་བ་དང་། ཕུག་ལམ་བཟོས་པས་ལམ་གངས་ཀྱིས་བསྣུབས་བར་སེམས་ཁྲལ་མེད། ཉེ་འགྲམ་དུ་ད་དུང་འདབ་པའི་གནམ་ཐང་བཟོས་ཡོད་པས་གནམ་གྲུ་བསྡད་ནས་ཁྲེང་ཏུའུ་ལ་བསྐྱོད་ན་སྐར་མ་45ཙམ་ལས་འགོར་གྱི་མེད”ཅེས་བཤད་བྱུང་།
     “ཤམ་བྷ་ལ་ཐག་མི་རིང་། དེ་ནི་ང་ཚོའི་ཕ་ཡུལ་རེད”ཅེས་པའི་གླུ་གཞས་ཤིག་རྒྱང་རིང་ནས་གྲགས་འོང་། བོད་རིགས་ཀྱི་ཤོད་རྒྱུན་ལ་ཤམ་བྷ་ལ་ནི་ལྷ་ཡུལ་གྱི་ཞིང་ཁམས་ཤིག་ཡིན་པས་དེར་འཚོ་བ་ཡག་ལ། མེ་ཏོག་རྒྱུན་དུ་བཞད་ཅིང་། མི་རྣམས་སེམས་པ་བཟང་བ་རེད།
     ཨ་མེས་གཞས་དེར་ཧ་ཅང་དགའ་པོ་ཡོད་པ་དང་། “འགྲིལ་འགྲུལ་སྟབས་བདེ་རུ་ཕྱིན་པ་དང་ཡུལ་སྐོར་བ་མང་དུ་ཕྱིན་པས་རང་ཁྱིམ་གྱི་ཡོང་འབབ་ཀྱང་ལྡབ་ཁ་ཤས་འཕར་སོང་། དབྱར་རྩྭ་དགུན་འབུ་དང་ཤ་མོ་འཐུ་བ་དང་། ས་ཞིང་བརྒྱུད་བཤུག་བྱས་ནས་རྒུན་འབྲུམ་བཏབ་པ་བཅས་ལས་ངའི་ཁྱིམ་ལ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་ཡོང་གི་འདུག རླངས་འཁོར་ཆུང་གྲས་ཐེངས་གསུམ་བཞི་ཙམ་བརྗེ་པོ་བརྒྱབ་ཟིན། གུང་ཁྲན་ཏང་ཡག་པོ་ཡོད་པས། ཕ་ཡུལ་ཤམ་བྷ་ལར་གྱུར་སོང”ཞེས་ཁོང་གིས་བཤད་བྱུང་། ད་ཆ་ཨ་མེས་ནི་གྲོང་ཚོའི་ལས་བྱེད་པ་ཞིག་ཡིན་ལ། གྲོང་ཚོའི་ནང་གི་དུད་ཚང་དབུལ་པོ་14དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱས་པ་རེད།