མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་རུས་བརྐོས་ཡི་གེ་རྙེད་པ་དང་ཞིབ་འཇུག་བྱས་ནས་ལོ་ངོ་120འཁོར་བར་རྟེན་འབྲེལ་
འཕྲིན་ཡིག་སྤྲིངས་ཏེ། རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་ཤེས་དཔལ་གྱི་སྤེལ་རེས་དང་
ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་04ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     རྟེན་འབྲེལ་འཕྲིན་ཡིག
     རུས་བརྐོས་ཡི་གེ་རྙེད་པ་དང་ཞིབ་འཇུག་བྱས་ནས་ལོ་ངོ་120འཁོར་བའི་མཚམས་སུ། ངས་དུས་ཡུན་རིང་པོའི་ནང་རུས་བརྐོས་ཡི་གེ་སོགས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ལ་གཞོལ་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་མ་ཟད་ཟོལ་མེད་ཀྱི་འཚམས་འདྲིའང་ཞུ་རྒྱུ་ཡིན།
     ཡུལ་དབྱིན་ཤུས་ཀྱི་རུས་བརྐོས་ཡི་གེའི་གསར་རྙེད་གལ་ཆེན་ལ་ཀྲུང་ཧྭའི་ཤེས་དཔལ་དང་ཐ་ན་མིའི་རིགས་ཀྱི་ཤེས་དཔལ་གོང་འཕེལ་གྱི་ལོ་རྒྱུས་ཐོག་དུས་རབས་འབྱེད་པའི་དོན་སྙིང་ལྡན་ཡོད། རུས་བརྐོས་ཡི་གེ་ནི་ད་བར་ཀྲུང་གོར་རྙེད་པའི་དུས་སྔ་ཤོས་ཀྱི་ཡི་གེའི་མ་ལག་འཐུས་ཚང་ཞིག་ཡིན་པ་དང་། དེ་ནི་རྒྱ་ཡིག་གི་འབྱུང་ཁུངས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྩ་བའང་ཡིན་པས་བརྩི་མཐོང་ལྡབ་བརྒྱ་བྱེད་རིན་ཡོད་ལ་རྒྱུན་འཛིན་དང་གོང་འཕེལ་དེ་བས་ལེགས་པ་གཏོང་རིན་ཡོད།
     ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་རིང་། ཏང་དང་རྒྱལ་ཁབ་ཀྱིས་རུས་བརྐོས་ཡི་གེ་མཚོན་བྱེད་དུ་བྱས་པའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྡེ་ཚན་མང་པོ་དང་རིག་ཚན་མང་པོས་མཉམ་སྡེབ་ཐོག་རུས་བརྐོས་ཡི་གེ་ཞིབ་འཇུག་དང་བཀོལ་སྤྱོད་བྱས་པ་དང་། རིག་ཚན་ལས་བརྒལ་བའི་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱས་ནས་མི་རབས་འགའི་དཀའ་སྤྱད་འབད་བརྩོན་འོག་རུས་བརྐོས་ཡི་གེའི་ཞིབ་འཇུག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དུས་བབ་གསར་པའི་འོག རུས་བརྐོས་ཡི་གེ་སོགས་གནའ་བོའི་ཡི་གེར་ཞིབ་འཇུག་བྱེད་མཁན་ཡོད་པ་དང་རྒྱུན་འཛིན་མཁན་ཡོད་པའི་འགན་ལེན་བྱེད་དགོས། རྒྱ་ཆེའི་ཞིབ་འཇུག་མི་སྣས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་མཁས་དབང་རྒན་རབས་རྣམ་པའི་ཕ་ཡུལ་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་དུང་དང་སློབ་སྲོལ་བཟང་པོ་དར་སྤེལ་གཏོང་བ་དང་། རུས་བརྐོས་ཡི་གེའི་ལོ་རྒྱུས་ཀྱི་སྙིང་པོ་དང་རིག་གནས་ཀྱི་རིན་ཐང་ལ་ཞིབ་འཇུག་ཟབ་མོ་བྱེད་པ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭའི་ཤེས་དཔལ་གོང་འཕེལ་དང་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
     ཞི་ཅིན་ཕིང་གིས།
     2019ལོའི་ཟླ་11ཚེས་1ཉིན།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་ཆར་རུས་བརྐོས་ཡི་གེ་རྙེད་པ་དང་ཞིབ་འཇུག་བྱས་ནས་ལོ་ངོ་120འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ་དུས་ཡུན་རིང་པོའི་ནང་རུས་བརྐོས་ཡི་གེ་སོགས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ལ་གཞོལ་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་མ་ཟད་ཟོལ་མེད་ཀྱི་འཚམས་འདྲིའང་ཞུས་གནང་བ་རེད།
     ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ཡུལ་དབྱིན་ཤུས་ཀྱི་རུས་བརྐོས་ཡི་གེའི་གསར་རྙེད་གལ་ཆེན་ལ་ཀྲུང་ཧྭའི་ཤེས་དཔལ་དང་ཐ་ན་མིའི་རིགས་ཀྱི་ཤེས་དཔལ་གོང་འཕེལ་གྱི་ལོ་རྒྱུས་ཐོག་དུས་རབས་འབྱེད་པའི་དོན་སྙིང་ལྡན་ཡོད། རུས་བརྐོས་ཡི་གེ་ནི་ད་བར་ཀྲུང་གོར་རྙེད་པའི་དུས་སྔ་ཤོས་ཀྱི་ཡི་གེའི་མ་ལག་འཐུས་ཚང་ཞིག་ཡིན་པ་དང་། དེ་ནི་རྒྱ་ཡིག་གི་འབྱུང་ཁུངས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྩ་བའང་ཡིན་པས་བརྩི་མཐོང་ལྡབ་བརྒྱ་བྱེད་རིན་ཡོད་ལ་རྒྱུན་འཛིན་དང་གོང་འཕེལ་དེ་བས་ལེགས་པ་གཏོང་རིན་ཡོད་ཅེས་གསུངས་ཡོད་པ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་རིང་། ཏང་དང་རྒྱལ་ཁབ་ཀྱིས་རུས་བརྐོས་ཡི་གེ་མཚོན་བྱེད་དུ་བྱས་པའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྡེ་ཚན་མང་པོ་དང་རིག་ཚན་མང་པོས་མཉམ་སྡེབ་ཐོག་རུས་བརྐོས་ཡི་གེ་ཞིབ་འཇུག་དང་བཀོལ་སྤྱོད་བྱས་པ་དང་། རིག་ཚན་ལས་བརྒལ་བའི་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱས་ནས་མི་རབས་འགའི་དཀའ་སྤྱད་འབད་བརྩོན་འོག་རུས་བརྐོས་ཡི་གེའི་ཞིབ་འཇུག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དུས་བབ་གསར་པའི་འོག རུས་བརྐོས་ཡི་གེ་སོགས་གནའ་བོའི་ཡི་གེར་ཞིབ་འཇུག་བྱེད་མཁན་ཡོད་པ་དང་རྒྱུན་འཛིན་མཁན་ཡོད་པའི་འགན་ལེན་བྱེད་དགོས། རྒྱ་ཆེའི་ཞིབ་འཇུག་མི་སྣས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་མཁས་དབང་རྒན་རབས་རྣམ་པའི་ཕ་ཡུལ་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་དུང་དང་སློབ་སྲོལ་བཟང་པོ་དར་སྤེལ་གཏོང་བ་དང་། རུས་བརྐོས་ཡི་གེའི་ལོ་རྒྱུས་ཀྱི་སྙིང་པོ་དང་རིག་གནས་ཀྱི་རིན་ཐང་ལ་ཞིབ་འཇུག་ཟབ་མོ་བྱེད་པ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭའི་ཤེས་དཔལ་གོང་འཕེལ་དང་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
     རུས་བརྐོས་ཡི་གེ་རྙེད་ནས་ལོ་ངོ་120འཁོར་བའི་བཞུགས་མོལ་ཚོགས་འདུ་ཚེས་1ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཚོགས་འདུའི་ཐོག་གསུང་བཤད་གནང་བ་རེད། ཁོང་གིས་རུས་བརྐོས་ཡི་གེ་ནི་ལོ་ངོ་སྟོང་གི་ཀྲུང་ཧྭའི་ཤེས་དཔལ་གྱི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཡིན་ལ་མིའི་རིགས་ཀྱི་ཤེས་དཔལ་ལ་ཕུལ་བའི་ལེགས་སྐྱེས་གལ་ཆེན་ཞིག་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་དོན་འཁྱོལ་ནན་ཏན་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། རུས་བརྐོས་ཡི་གེའི་ཞིབ་འཇུག་དང་བཀོལ་སྤྱོད་སྔར་བས་ཟབ་ཏུ་གཏོང་བ། ཉར་ཚགས་དང་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ། ལེགས་སྒྲིག་དང་ཆ་འཕྲིན་གྱི་མཆན་འགོད་ཡག་པོ་བྱེད་པ་བཅས་ཀྱི་སྒོ་ནས་རིག་དངོས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས། ཐོ་འགོད་དཔྱད་འགྲེལ་ལ་སྐུལ་འདེད་བཏང་ནས་མི་ཐབས་རིག་ནུས་ཀྱི་དབྱེ་འབྱེད་སོགས་ཀྱི་ལག་རྩལ་བྱ་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ་ཞིབ་འཇུག་ཐད་ཚད་བརྒལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། རུས་བརྐོས་ཡི་གེའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་རྒྱབ་སྐྱོར་བྱེད་ཤུཌ་ཆེ་རུ་བཏང་ནས་རིག་ཚན་མང་པོ་ཕན་ཚུན་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ་ཕྱོཌ་བསྡུས་བྱང་ཚད་དང་གསར་གཏོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ནུས་པ་ཆེར་གཏོང་གིས་བེད་སྤྱོད་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་། རྒྱལ་སྤྱིའི་སྤེལ་རེས་ཟབ་ཏུ་བཏང་སྟེ་རུས་བརྐོས་ཡི་གེའི་རིག་གནས་ཀྱི་ཉམས་འགྱུར་དང་དུས་རབས་ཀྱི་རིན་ཐང་མངོན་པར་བྱེད་དགོས་ཞེས་གསུངས་པ་རེད།
     འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱི་འཐུས་མི་དང་སློབ་གསོ་པུའུ་དང་ཧོ་ནན་ཞིང་ཆེན་གྱི་འགན་འཁུར་བློ་མཐུན་ཚོས་བཞུགས་མོལ་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད།
     1899ལོར་རུས་བརྐོས་ཡི་གེ་རྙེད་པ་ནི་ཀྲུང་ཧྭའི་ཤེས་དཔལ་དང་ཐ་ན་མིའི་རིགས་ཀྱི་ཤེས་དཔལ་གོང་འཕེལ་གྱི་ལོ་རྒྱུས་ཐོག་གི་དོན་ཆེན་ཞིག་རེད། རུས་བརྐོས་ཡི་གེ་ནི་རྒྱ་ཡིག་གི་འབྱུང་ཁུངས་ཡིན་ལ་ལོ་ངོ་སྟོང་གི་ཀྲུང་ཧྭའི་ཤེས་དཔལ་གྱི་མཚོན་རྟགས་ཀྱང་ཡིན་པས། མཆོག་ཏུ་གྱུར་པའི་མཚོན་བྱེད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། འཛམ་གླིང་གི་གནའ་བོའི་ཡི་གེ་བཞིའི་གྲས་ཤིག་ཡིན་པའི་རུས་བརྐོས་ཡི་གེས་འཛམ་གླིང་གི་ཤེས་དཔལ་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི“འཛམ་གླིང་གི་དྲན་ཤེས་མིང་གཞུང”ནང་ལེགས་གྲུབ་ལྡན་པའི་ངང་བཅུག་ཡོད་པ་རེད།

  
style="display:none;"