འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་1ཉིན།

༄༅༎གོམ་པ་རེ་རེར་བརྟེན་ནས་གངས་ལྗོངས་མཁའ་ལམ་གྱི་གད་སྙིགས་གཙང་སེལ་བྱེད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་01ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་གྱི་དགོང་མོ། ཤིན་ཧྭ་གསར་འགྱུར་ཁང་གི་སླར་ཡང་ཁྲོན་བོད་ལམ་དུ་སྐྱོད་པའི་འཕྲིན་སྤེལ་ཡན་ལག་རུ་ཆུང་གིས་ཁ་བས་བཀླུབས་པའི་ཁྲོན་བོད་གཞུང་ལམ་སྟེ་རྒྱལ་ལམ་317ཐོག་བསྐྱོད། ས་བབ་མཐོ་ཚད་སྨི་5000ཟིན་པའི་སྒང་ལ་བརྒྱབ་རྗེས་ཉི་མ་ཐག་རིང་གི་ལ་ཁར་སླེབས། བོད་རིགས་མང་ཚོགས་དང་ཡུལ་སྐོར་བ་ཚོས་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་དགའ་སྤྲོའི་སྒོར་གཞས་འཁྲབ་བཞིན་འདུག
     དབུ་སྐྲ་གདུང་ལྟར་དཀར་བའི་གཅེན་པོ་སྐལ་ཚེས་སྒོར་གཞས་འཁྲབ་མཚམས་བཞག་ནས་གསར་འགོད་པ་དང་གླེང་མོལ་བྱས། ཁོང་དང་གླེང་མོལ་བྱེད་པའི་བརྒྱུད་རིམ་ནང་། སྐལ་ཚེ་ནི་བློ་གཤོགས་ཆེ་བའི་མི་ཞིག་ཡིན་པ་དང་། སྒོར་གཞས་འཁྲབ་མཁན་མི་དེ་ཚོ་ནི་བོད་རིགས་ཀྱི་ཁོར་ཡུག་སྲུང་སྐྱོང་དང་བླངས་པའི་རུ་ཁག་ཅིག་ཡིན་པ་ཤེས་བྱུང་། ཁོང་ཚོས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ནས་རྐང་ཐང་མར་ལྷ་སར་བསྐྱོད་དེ་ལམ་བར་དུ་གད་སྙིགས་བསྒྲུགས་རྗེས་ལམ་རྒྱུད་ཀྱི་སྲིད་གཞུང་ལ་གད་སྙིགས་གཙང་སེལ་བྱ་རྒྱུའི་རེ་བ་འདོན་པ་སོགས་བྱས་ནས་གངས་ལྗོངས་སུ་སྐྱོད་པའི་མཁའ་ལམ་གཙང་མ་ཡོང་བའི་འབད་བརྩོན་བྱེད་བཞིན་ཡོད།
     “རུ་ཁག་ནང་མི་166ཡོད་པ་དང་། དེའི་ནང་གུང་ཁྲན་ཏང་ཡོན་དང་། ཞིང་འབྲོག་པ། ལས་བྱེད་པ། སློབ་གྲྭ་ཆེ་མོ་བ་སོགས་ཡོད། རུ་ཁག་ནང་གི་ལོ་ན་ཆེ་ཤོས་ནི་ལོ་73ཡིན་པ་དང་ཆུང་ཤོས་ནི་ལོ་23ཡིན། ཟླ་10ཚེས་10ཉིན་ཡུལ་ཤུལ་ནས་ཐོན་རྗེས་རྐང་ཐང་མར་ཉིན་20སོང་ནས་དེ་གར་སླེབས་བྱུང”ཞེས་རུ་སྣེ་ཁྲིད་མཁན་གྲས་ཤིག་ཡིན་པའི་བོད་རིགས་ཕོ་གཞོན་འཕྲིན་ལས་ཀྱིས་བཤད། ཁོང་ནི་ལེ་ཧྲན་གྱི་མཐོ་སློབ་ཞིག་ནས་ཐོན་ཏེ་ལོ་གཉིས་སོང་བ་དང་། ད་ལྟ་ཡུལ་ཤུལ་གྱི་ཡུལ་སྐོར་ལས་དོན་ཁང་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད།
     འཕྲིན་ལས་ཀྱིས་གསར་འགོད་པར་རྐང་ཐང་མར་མཁའ་ལམ་དུ་བསྐྱོད་དེ་ཁོར་ཡུག་སྲུང་སྐྱོང་བྱེད་པའི་བྱེད་སྒོ་ད་ཐེངས་སྤེལ་ཐེངས་གསུམ་པ་རེད། བྱེད་སྒོ་དེའི་ནང་ཞུགས་མཁན་ཇེ་མང་དུ་འགྲོ་བཞིན་འདུག ན་ནིང་ང་ཚོས་གད་སྙིགས་ཏུན་བཅུ་ལྷག་ཙམ་བསྒྲུགས་པ་ཡིན། འདི་ལོ་ལམ་ཐག་ཕྱེད་ཀ་ལས་མ་སོང་ཡང་གད་སྙིགས་ཏུན་བརྒྱད་བསྒྲུགས་པ་ཡིན། ད་ལྟ་རང་བྱུང་ཁམས་ལ་དྲིན་ཚོར་བའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མི་སེམས་སུ་ཟུག་བཞིན་འདུག་ཅེས་བཤད་བྱུང་།
     རྒྱལ་ལམ་317ནི་ཀྲུང་གོ་གསར་པས་ཐོག་མར་བསྐྲུན་པའི་བོད་སྐྱོད་གཞུང་ལམ་ཞིག་ཡིན་ལ། གངས་ལྗོངས་ཀྱི་མཁའ་ལམ་ཞིག་ཀྱང་ཡིན། བོད་དུ་ཡུལ་སྐོར་བྱེད་མཁན་མང་དུ་སོང་བ་དང་བསྟུན་ནས་ལམ་རྒྱུད་དུ་གད་སྙིགས་ཀྱང་མང་དུ་སོང་ཡོད། ཉེ་བའི་ལོ་ཤས་རིང་ཁོར་ཡུག་སྲུང་སྐྱོང་རྩ་འཛུགས་ཁག་གཅིག་གིས་རང་འགུལ་ངང་བོད་སྐྱོད་གཞུང་ལམ་དུ་གད་སྙིགས་བསྒྲུགས་ནས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དྲིལ་བསྒྲགས་བྱེད་པ་དང་ཆབས་ཅིག་གངས་ལྗོངས་དག་ཞིང་སྲུང་སྐྱོང་བྱེད་བཞིན་ཡོད།