འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་31ཉིན།

༄༅༎ཀན་སུའུ་བསང་ཆུའི་ས་ཡོམ་ནང་དུད་ཚང་2885ཡི་མང་ཚོགས་ལ་གནོད་འཚེ་ཕོག་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་31ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཟླ་10ཚེས་28ཉིན་བསང་ཆུ་རྫོང་མདའ་མེད་ཤང་གི་གནོད་འཚེ་ཕོག་པའི་མང་ཚོགས་མགོན་པོ་རྟ་མགྲིན་གྱི་ནང་མི་རྣམས་ཀྱིས་བཀོད་སྒྲིག་གུར་ནང་གློག་གི་ཉལ་གདན་བེད་སྤྱོད་བྱེད་བཞིན་ཡོད་པ།
འདི་ནི་ཟླ་10ཚེས་28ཉིན་བསང་ཆུ་རྫོང་མདའ་མེད་ཤང་གི་གནོད་འཚེ་ཕོག་པའི་མང་ཚོགས་མགོན་པོ་རྟ་མགྲིན་གྱི་ནང་མི་རྣམས་ཀྱིས་བཀོད་སྒྲིག་གུར་ནང་གློག་གི་ཉལ་གདན་བེད་སྤྱོད་བྱེད་བཞིན་ཡོད་པ།
     འདི་ག་ཚགས་པར་ཁང་དུ་བསང་ཆུ་ནས་ཟླ་10ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་གྱི་ཆུ་ཚོད་1དང་སྐར་མ་56ཙམ་ལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བསང་ཆུ་རྫོང་དུ་ས་ཡོམ་རིམ་པ་5.7བརྒྱབ་པ་དང་། མིག་སྔའི་བར་ས་ཡོམ་ནང་བསང་ཆུ་རྫོང་དང་གཙོད་གྲོང་ཁྱེར་གྱི་རྫོང(གྲོང་ཁྱེར)2ཀྱི་དུད་ཚང་2885ཡི་མང་ཚོགས་ལ་གནོད་འཚེ་ཕོག་པ་དང་། ས་གནས་དེ་གའི་མང་ཚོགས་ཁྲི་6.65གནས་སྤོས་པ་རེད།
     ས་ཡོམ་བརྒྱབ་རྗེས་ཀན་ལྷོ་ཀྲོའུ་ཡི་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ཕྱོགས་ཡོངས་ནས་སྤེལ་ཞིང་། ཀྲོའུ་སྲིད་གཞུང་གིས་རིམ་གསུམ་འཕྲལ་སྡོམ་བརྡ་ལན་ལམ་སྲོལ་བཙུགས་ནས་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་དང་བབ་མཐུན་གྱི་ལས་དོན་ཚོགས་ཆུང་བཙུགས་ཏེ་ཀྲོའུ་དང་། རྫོང་། ཤང་། གྲོང་རྡལ་བཅས་ཀྱི་ལས་དོན་མི་སྣས་ས་ཡོམ་རྒྱག་ཁུལ་དུ་བསྐྱོད་དེ་གནོད་འཚེ་ཕོག་ཚུལ་ལ་བརྟག་དཔྱད་ཞིབ་བསྡུར་བྱས་པ་རེད། མང་ཚོགས་བདེ་འཇགས་ཁུལ་དུ་ཉེན་གཡོལ་བྱེད་པར་སྒྲིག་འཛུགས་བྱས་ནས་ཡོམ་འཕྲོར་འགོག་ཟོན་བྱས་པ་དང་། ཞག་སྡོད་སློབ་གྲྭ་ཁག་གིས་ཀྱང་སློབ་མ་རྣམས་བདེ་འཇགས་ཁུལ་དུ་གནས་སྤོ་བཀོད་སྒྲིག་བྱས་པ་རེད། ཀན་ལྷོ་མེ་ཟོན་མྱུར་སྐྱོབ་རུ་ཁག་གི་མི་43དང་རླངས་འཁོར་11ད་ལྟ་ས་ཡོམ་རྒྱག་ཁུལ་དུ་འབྱོར་བ་དང་། ཀན་སུའུ་ཞིང་ཆེན་འཕྲལ་སྡོམ་ཐིང་གིས་སྔོན་ཚུད་ནས་མི་105དང་རླངས་འཁོར་24གེགས་ཁུལ་དུ་རོགས་སྐྱོབ་བྱེད་པར་བཏང་བ་དང་ཆབས་ཅིག ཞིང་ཆེན་འཕྲོད་བསྟེན་བདེ་ཐང་དང་། འབྲུ་རིགས་དང་དངོས་ཟོག་གྲ་སྒྲིག གློག་ཤུགས། འཕྲིན་གཏོང་དོ་དམ་སོགས་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་སྲིང་བལ་གྱི་གུར་དང་སྨན་བཅོས་གུར་ཁྱོན་202བརྒྱབ་ཅིང་། སྨན་བཅོས་དང་། གློག་ཤུགས། འཕྲིན་གཏོང་ཆེད་ལས་ལག་རྩལ་མི་སྣ་བཅས་370ལྷག་ཙམ་དང་རིགས་ཁག་གི་འཕྲལ་སྡོམ་མྱུར་སྐྱོབ་རླངས་འཁོར་71སྐོང་འཐེན་བྱས་ནས་གེགས་ཁུལ་དུ་འབྲེལ་ཡོད་ལས་དོན་སྤེལ་བར་བསྐྱོད་པ་རེད།
     མིག་སྔར་ས་ཡོམ་རྒྱག་ཁུལ་གྱི་འཕྲིན་གཏོང་དྲ་རྒྱ་དང་། གློག་དྲ། རྒྱལ་ཁབ་ཞིང་ཆེན་གཞུང་ལམ་སོགས་རྒྱུན་གཏན་ལྟར་ན་འཁོར་རྒྱུག་བྱེད་བཞིན་ཡོད་ལ། སྤྱི་བདེ་ལས་ཁུངས་ཀྱིས་ས་ཡོམ་རྒྱག་ཁུལ་གྱི་ཁྲོམ་གཞུང་དུ་སྐོར་གཡེང་ཐད་བཀོད་སྒྲིག་དང་ཤུགས་སྣོན་བརྒྱབ་པ་དང་། ས་གནས་དེ་གའི་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ཡོད་པ་དང་མང་ཚོགས་ཀྱི་སེམས་པ་ཡང་ལྷོད་དུ་བབས་ཡོད། མིག་སྔར་གེགས་སེལ་དང་གེགས་བར་གནས་ཚུལ་ལ་དཔྱད་ཞིབ་སོགས་ཀྱི་ལས་དོན་ད་དུང་སྤེལ་བཞིན་ཡོད་པ་རེད།